ཤེས་རབ་བསྟན་དར།སྔ་མའི་པར་གཞི་དེ ཨ་སངས།  ནས 2015-10-31 13:53ལ་འགྲུབ།

ཤེས་རབ་བསྟན་དར།

ཤེས་རབ་བསྟན་དར།
ཁོང་གི་མིང་དངོས་ནི་ཤེས་རབ་བསྟན་དར་ཡིན་ཞིང་། པིར་མིང་ལ་རྒྱ་གྲོལ་ཟེར། སྤྱི་ལོ 1968ལོར་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཀོས་ནན་རྫོང་མང་རའི་ས་ཆར་སྐྱེས། ལོ་བཅོ་བརྒྱད་སྟེང་མང་རའི་ཀླུ་ཚང་དགོན་དུ་རབ་ཏུ་བྱུང་ནས་རྗེ་འཇམ་དབྱངས་ཐོབ་བཟང་བསྟན་དར་དང༌། སྨད་སོག་སྨོན་ལམ་རྒྱ་མཚོ་སོགས་ལས་མདོ་སྔགས་གཞུང་ལུགས་ལ་སྦྱངས། སྤྱི་ལོ1996ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག དགོན་དེ་གའི་བཀའ་རམས་འཛིན་གྲྭར་ཡོད་ཅིང་ཞོར་དུ་དབུས་གཞོང་ཐར་ཤུལ་དགོན་གྱི་དགེ་རྒན་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
喜饶丹代尔
པིར་མིང་།
རྒྱ་གྲོལ།
སྐྱེས་ལོ།
སྤྱི་ལོ1968ལོ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་།
རབ་ཏུ་བྱུང་སའི་དགོན་པ།
མང་རའི་ཀླུ་ཚང་དགོན།
འཐུས་ཚབ་བརྩམས་ཆོས།
《བོད་ཀྱི་ལོ་རྒྱུས་ཀྱི་མཐའ་དཔྱོད》《དགེ་ལུགས་པའི་ཚད་མའི་ལོ་རྒྱུས》《བོད་ཀྱི་དགོན་སྡེའི་སློབ་གསོ》
1 ངོ་སྤྲོད།

ཁོང་གི་མིང་དངོས་ནི་ཤེས་རབ་བསྟན་དར་ཡིན་ཞིང་།  སྨྱུག་མིང་ལ་རྒྱ་གྲོལ་ཟེར།  སྤྱི་ལོ 1968ལོར་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཀོས་ནན་རྫོང་མང་རའི་ས་ཆར་སྐྱེས། ལོ་བཅོ་བརྒྱད་སྟེང་མང་རའི་ཀླུ་ཚང་དགོན་དུ་རབ་ཏུ་བྱུང་ནས་རྗེ་འཇམ་དབྱངས་ཐོབ་བཟང་བསྟན་དར་དང༌། སྨད་སོག་སྨོན་ལམ་རྒྱ་མཚོ་སོགས་ལས་མདོ་སྔགས་གཞུང་ལུགས་ལ་སྦྱངས། སྤྱི་ལོ1996ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག  དགོན་དེ་གའི་བཀའ་རམས་འཛིན་གྲྭར་ཡོད་ཅིང་ཞོར་དུ་དབུས་གཞོང་ཐར་ཤུལ་དགོན་གྱི་དགེ་རྒན་བྱས་ཡོད།

2 བྱ་བའི་བརྒྱུད་རིམ།

ཁོང་ལོ་བཅོ་བརྒྱད་སྟེང་མང་རའི་དགོན་ཆེན(ཀླུ་ཚང་དགོན)དུ་རབ་ཏུ་བྱུང་ནས་རྗེ་འཇམ་དབྱངས་ཐོབ་བཟང་བསྟན་དར་དང༌། སྨད་སོག་སྨོན་ལམ་རྒྱ་མཚོ་སོགས་ལས་མདོ་སྔགས་གཞུང་ལུགས་ལ་སྦྱངས། སྤྱི་ལོ1996ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག  དགོན་དེ་གའི་བཀའ་རམས་འཛིན་གྲྭར་ཡོད་ཅིང་ཞོར་དུ་དབུས་གཞོང་ཐར་ཤུལ་དགོན་གྱི་དགེ་རྒན་བྱས་ཡོད།  རྒྱུན་དུ་དགོན་པ་དེ་གར་བསྡུས་ཚད་དབུ་ཕར་སོགས་དང་སུམ་རྟགས་སྙན་ངག་སོགས་ཀྱི་འཆད་སྤེལ་དང༌། དབྱར་དགུན་གནང་གི་སྐབས་སློབ་གྲྭ་ཆེ་འབྲིང་གི་སློབ་མ་དང་ཞིབ་འཇུག་སློབ་མ་སོགས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་དགེ་རྒན་དག་ལ་སོ་སོར་ཐ་སྙད་རིག་གནས་དང་ནང་བསྟན་སོགས་ཀྱི་དཔེ་ཁྲིད་བྱས་དང་བྱེད་མུས་སུ་མཆིས།

ཁོང་སྤྱི་ལོ2010ལོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གདན་ཞུ་དང་ལེན་གནང་སྟེ་ད་ལྟའི་བར་འཆད་ཁྲིད་ཀྱི་འགན་བཞེས་ཡོད་ལ། སློབ་གླིང་གི་དགེ་རྒན་གྱི་སྡེ་ལ་ཕར་ཕྱིན་དང་དབུ་མ་སོགས་གཞུང་ཆེན་མོ་དག་འཁྲིད་བཞིན་ཡོད། དུས་མཚུངས་སུ་རྒྱ་འགྱུར་བཀའ་བསྟན་ལས་བོད་ཀྱི་བཀའ་བསྟན་གསབ་སྒྱུར་ཚོགས་པ་ཞེས་པར་ཞུགས་ཏེ་བསྟན་པ་ཡང་དར་གྱི་ལོ་ཙཱ་བའི་འགན་བཞེས《བདེ་བ་ཅན་དུ་སྐྱེ་བའི་སྒོམ་རིམ》མདོ་སོགས་མདོ་ཚན་བཅུ་ལྷག་བོད་ཡིག་ཏུ་བསྒྱུར་ཅིང་། ད་ལྟའང་ད་དུང་སྒྱུར་བཞིན་ཡོད་དོ། །

3 བྱ་བའི་གྲུབ་འབྲས།

ཁོང་ལ་གོང་དུ་ངོ་སྤྲོད་བྱས་ཟིན་པའི་བརྩམས་ཆོས་དག་ལས་གཞན་ད་དུང་མཛད་རྣམ་མི་ཉུང་བ་ཞིག་ཡོད་དེ།  སྔ་རྗེས་སུ་བོད་ཡིག་ནང་བསྟན་གྱི་དྲ་བ་ཐོག་མ་བོད་གསང་སྔགས་རིག་གནས་དྲ་བ་བཟོས་ཤིང་། ནང་བསྟན་གྱི་དཔེ་དེབ་རིན་མེད་གཟིགས་འབུལ་བྱེད་པའི་ཤེས་རབ་གསུང་རབ་དངོས་འབུལ་ཁང་བཙུགས།  སྤྱི་ལོ2010ལོར་སྤུན་མཆེད་ཚོ་དང་མཉམ་དུ་རང་རང་གིས་ལོ་མང་བོའི་རིང་ལ་ཉར་ཚགས་བྱས་པའི་དཔེ་ཆ་དག་གཞིར་བྱས་ནས་ཆོས་ལུགས་དང་བོད་རིག་པ་སྐོར་གྱི་དཔེ་མཛོད་ཁང་བསྐྲུན། ད་ལྟ་སྔར་བཞིན་ཕྱོགས་སོ་སོར་སློབ་ཁྲིད་བྱེད་ཀྱིན་སློབ་དཔོན་ཐོན་མི་སམ་བྷོ་ཊ་དང་། བོད་ཀྱི་ལོ་རྒྱུས་རིག་པ།  བོད་ཀྱི་མི་ཆོས་རིག་པ། ནང་བསྟན་མཚན་ཉིད་རིག་པ། ནང་བསྟན་དང་སྤྱི་ཚོགས་བར་གྱི་འབྲེལ་བ་བཅས་ལ་ཞིབ་འཇུག་བྱེད་བཞིན་ཡོད།

4 བརྩམས་ཆོས།

ཁོང་གིས་ལོ་བཅུ་དྲུག་ནས་ད་བར་དུ《སྦྲང་ཆར》གཙོར་བྱས་ཏེ་བོད་ཀྱི་དུས་དེབ་དང་ཚགས་པར་ཁག་ཏུ་སྙན་ངག་དང༌། ལྷུག་རྩོམ། བསྒྱུར་རྩོམ། དཔྱད་རྩོམ་སོགས་བརྒྱ་ཕྲག་ལྷག་སྤེལ།   སྙན་ངག《བསམ་གཞིག》ཅེས་པར་ཐེངས་གསུམ་པའི《སྦྲང་ཆར》རྩོམ་རིག་བྱ་དགའ་དང༌། ལྷུག་རྩོམ《རང་ཉིད་ལ་བལྟ་བ》ཞེས་པར་སྣང་གསལ་བུམ་པའི་བྱ་དགའ་ཐོབ།   ད་ལྟའི་བར་གཞན་དང་མཉམ་འབྲེལ་གྱིས《ར་མ་ཎའི་རྟོགས་བརྗོད》དེབ་དང་བོ་ནས་བཞི་བའི་བར་དང་། 《སྟོན་པའི་རྣམ་ཐར》《མི་ཚེ་སླར་གསོ》《སངས་རྒྱས་ཀྱི་གཟི་འོད་ནུབ་ལ་འཕྲོས་པ》བསྒྱུར། 《ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས》《སྐྱབས་འགྲོ་ནི་བྲན་གཡོག་གི་འདུ་ཤེས་ཡིན་ནམ》《ནང་བསྟན་དཔལ་འབྱོར་རིག་པ། སྟོད་ཆ》《བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》《གངས་སེང་འཚོལ་བ》《ལྷ་འདྲེའི་སྲེད་པས་བདག་གིར་བྱས་པའི་ལྷ་ས》《བོད་ཀྱི་ལོ་རྒྱུས་ཀྱི་མཐའ་དཔྱོད》《དགེ་ལུགས་པའི་ཚད་མའི་ལོ་རྒྱུས》《བོད་ཀྱི་དགོན་སྡེའི་སློབ་གསོ》《ཚངས་མགུར་ཞིབ་འཇུག》《ལཱ་མོའི་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར》《ཐར་ཤུལ་རིན་པོ་ཆེའི་རྣམ་ཐར》སོགས་དཔེ་དེབ་བཅུ་ལྷག་བྲིས་ཤིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།  དེབ་མང་ཤོས་དཔར་ཁང་ནས་སྒོར་བུད་པའི་ཉིན་དེ་མ་ཁད་དུ་ཡང་དེབ་གྲངས་སྟོང་ཕྲག་གསུམ་བཞི་རེ་བཙོངས་ཚར་འགྲོ།  ད་དུང་ཁོང་གིས་གཙོ་སྒྲིག་གནང་བའི《བསམ་བློའི་ཤེས་རིག》ཀྱང་བོད་ཁུལ་ན་ཆེས་དགའ་བསུ་ཐོབ་པའི་རིག་གཞུང་དུས་དེབ་ཅིག་ཏུ་གྱུར་ཡོད། 《ནང་བསྟན་དཔལ་འབྱོར་རིག་པ》དང《ལྷ་འདྲེའི་སྲེད་པས་བདག་གིར་བྱས་པའི་ལྷ་ས》《ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས》སོགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་རྒྱ་ཤིན་ཏུ་ཆེ་བར་མ་ཟད།  གདེང་འཇོག་ཚད་མཐོན་པོ་ཐོབ་པའི་ཉེ་རབས་ཀྱི་དེབ་ཆེས་ལེགས་ཤོས་སུ་གྱུར་ཡོད།


བརྡ་འགྲེལ་གདོང་འཛར།

མི་སྣ། རྩོམ་པ་པོ། ཤེས་རབ་བསྟན་དར།