དོར་ཞི།སྔ་མའི་པར་གཞི་དེ ཨ་སངས།  ནས 2015-10-31 13:53ལ་འགྲུབ།

དོར་ཞི།

དོར་ཞི།
ཁོང་གི་མཚན་ལ་དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ལམ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་ཞུ་ཞིང་སྤྱི་ལོ1935ལོར་ཀན་སུའུ་དཔའ་རིས་སུ་འཁྲུངས། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
多识•洛桑图丹琼排
མིང་གཞན།
དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ལམ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན།
འཁྲུངས་ལོ།
སྤྱི་ལོ1935ལོ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
འཁྲུངས་ཡུལ།
ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་།
ལས་རིགས།
དགེ་རྒན།
ལས་ཐོབ།
དགེ་རྒན་ཆེན་མོ།
འཐུས་ཚབ་བརྩམས་ཆོས།
《སྙིང་རྗེ་ལས་ལྟམས་པའི་ཤེས་རབ》《དུག་སྡོང་གཅོད་པའི་སྟ་རེ》《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》
1 ངོ་སྤྲོད།

ཁོང་གི་མཚན་ལ་དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ལམ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་ཞུ་ཞིང་སྤྱི་ལོ1935ལོར་ཀན་སུའུ་དཔའ་རིས་སུ་འཁྲུངས། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་ཡིན། ད་དུང་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་ཞིབ་འཇུག་པ་དང་། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་ཚོགས་པའི་ལས་འཛིན། ཀན་སུའུ་ཞིང་ཆེན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཚོགས་པའི་འགན་ཁུར་བ་གཞོན་པ། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་རིགས་ཡིག་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞང་ཀང་བོད་ཀྱི་ཤེས་རིག་ཚོགས་པའི་ཐེངས་གཉིས་པའི་མཚན་འཛིན་འགན་ཁུར་བ། ཨ་རིས་རྒྱལ་སྤྱིའི་རིག་གནས་བརྗེ་རེས་ཐེབས་རྩ་ཚོགས་པའི་ལས་འཛིན་པ། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཐེངས་ལྔ་བ་དང་། དྲུག་པ། བདུན་པ། བརྒྱད་པའི་ཨུ་ཡོན་སོགས་ཀྱི་འགན་ཡང་བཞེས་ཡོད། ཁོང་ནི་དེང་རབས་བོད་ཀྱི་མཁས་ཆེན་དང་སློབ་གསོ་བ་སྙན་གྲགས་ཤིན་ཏུ་ཆེ་བ་ཞིག་ཡིན།

2 བྱ་བའི་བརྒྱུད་རིམ།

ཁོང་དགུང་ལོ12སྟེང་དཔའ་རིས་མཆོད་རྟེན་ཐང་གི་བཤད་གྲྭར་ཞུགས་ནས་བསྡུས་ཚད་རྒྱན་འཇུག་སོགས་མཚན་ཉིད་དང་། སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་རིག་གནས་ལ་གསན་སྦྱོང་ལེགས་པར་མཛད། དགུང་ལོ18ཀྱི་ཐོག་ཕར་ཕྱིན་འཛིན་གྲྭ་ལས་ཐོན་ནས་སྲིད་གཞུང་གི་བཀའ་ལྟར་བོད་ཡིག་དགེ་རྒན་མཛད། རྒྱ་ཡིག་དང་དབྱིན་ཡིག ཨུ་རུ་སུའི་ཡི་གེ་སོགས་བསླབ་པའི་གོ་སྐབས་ཪྙེད། ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་པན་ཆེན་སྐུ་ཕྲེང་བཅུ་བའི་ཡོངས་འཛིན་བསང་ཁོག་འཇིགས་མེད་ཚང་དང་། ལྷ་མོ་ཚུལ་ཁྲིམས་ཚང་སོགས་དགེ་བཤེས་མང་པོའི་མདུན་ནས་ཆོས་དང་རིག་གནས་གཉིས་ཆར་སྦྱངས། སྤྱི་ལོ 1983ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་གླིང་དུ་ཕྱག་ལས་གནང་ཞིང་སྔ་ཕྱིར་དགེ་རྒན་ཆེན་མོ་གཞོན་པ་དང་དགེ་རྒན་ཆེན་མོའི་ལས་མིང་ཐོབ། ཁོང་ཉིད་སྤྱི་ལོ1993ལོའི་ཟླ8པར་གདན་ཞུས་ལྟར་ཕྱི་སོག་ལ་རིག་གཞུང་འཚམས་འདྲིར་ཕེབས་ནས་ཕྱི་སོག་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་ལ་དཔེ་ཁྲིད་མཛད། སྤྱི་ལོ1993ལོའི་ཟླ5པར་གདན་ཞུས་ལྟར་འཇར་པན་གྱི་ཙོ་དོར་ཐན(早稻田)སློབ་གྲྭ་ཆེན་མོར་འཚམས་འདྲིར་ཕེབས་ཏེ་འཇར་པན་གྱི་བོད་རིག་པའི་ཞིབ་འཇུག་མཁས་པ་དང་རིག་གཞུང་སྐོར་གྱི་ཞལ་ཏ་གནང་། སྤྱི་ལོ2000ལོའི་ལོ་སྟོད་ལ་ཁོང་ཉིད་ཨ་མེ་རི་ཀར་འཚམས་འདྲིར་ཕེབས་པའི་སྐབས་སུ་ཇ་ལེ་ཧྥེ་ནེ་ཡ་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ལོ་ཧྲན་ཅི་སློབ་གྲྭས(加利福尼亚大学洛矶杉分校)གདན་དྲངས་ནས་འཆད་ཁྲིད་གནང་། སྤྱི་ལོ1956ལོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་དང་། སྤྱི་ལོ1986ལོར་ཀན་སུའུ་ཞིང་ཆེན་གྱི་དགེ་རྒན་ཕུལ་བྱུང་བ། སྤྱི་ལོ1987ལོར་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་དཔེ་ཁྲིད་དང་སློབ་བུ་གསོ་སྐྱོང་ཕུལ་བྱུང་བ་སོགས་བྱ་དགའ་མང་པོའང་བླངས་མྱོང་།

3 བྱ་བའི་གྲུབ་འབྲས།

ཁོང་གིས་ནང་བསྟན་ཆོས་ལུགས་དང༌།  བརྡ་སྤྲོད།  སྙན་གཞུང༌།  ལོ་རྒྱུས་སོགས་ཀྱི་གཞུང་དེབ་མང་པོ་བརྩམས་པ་ལས་གཞན།  བོད་ཀྱི་མཁས་པ་མང་པོ་གསོ་སྐྱོང་བྱས་པ་དང་།  ཁོང་གིས་བསྐྱངས་པའི་སློབ་མ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་ཅིང་།  ད་ལྟའི་དུས་སུ་བོད་ཁམས་ན་སློབ་གསོ་དང་ཞིབ་འཇུག་གི་ལས་ལ་གཞོལ་ནས་ཁོང་གི་ཐུགས་ཀྱི་བགྱི་བ་དང་དུ་ལེན་བཞིན་པ་འགའ་རེ་ཕྱོགས་ཙམ་བརྗོད་ན། རྒྱ་ཡེ་བཀྲ་ཤིས་ཕུན་ཚོགས།  ཁ་སྒང་བཀྲ་ཤིས་ཚེ་རིང༌།  བདུད་ལྷ་རྒྱལ། འབྲོང་བུ་ཚེ་རིང་རྡོ་རྗེ།  ཁུ་བྱུག  བན་གོ།  འབའ་གཞུང་རིན་ཆེན་ཚེ་རིང༌།  ཁྲི་བསམ་གཏན།  པད་མ་འབུམ།   སྒོམ་པ་བཀྲ་ཤིས།  རེབ་གོང་རྡོ་རྗེ་མཁར་སོགས་མང་ངོ་། །

4 བརྩམས་ཆོས།

དང་པོ་གཞུང་ལུགས་ཐོས་པ་རྒྱ་ཆེར་བཙལ་བ་ནས། ད་ལྟའི་བར་དུ་བོད་ཀྱི་སློབ་གསོ་དང་རིག་གཞུང་ཞིབ་འཇུག་གི་ལས་གཅིག་ལྕོགས་བཞེས་པའི་ཞོར་ལ་རྒྱ་བོད་ཡིག་རིགས་གཉིས་ཀའི་སྟེང་ནས་ནང་བསྟན་ཆོས་ལུགས་དང༌།  བརྡ་སྤྲོད།  སྙན་གཞུང༌།  ལོ་རྒྱུས་སོགས་ཀྱི་གཞུང་དེབ་ཉི་ཤུར་ཉེ་བ་བརྩམས་ཤིང༌།  དེང་རབས་བོད་ཀྱི་མཁས་པའི་ཁྲོད་དུ་རིག་པ་སྨྲ་བའི་ཁྱུ་མཆོག་ཏུ་ངེས་པ་དོན་གྱིས་གྲུབ་འདུག  ལྷག་པར་ཉེ་བའི་ལོ་འགའི་རིང་ལ་བོད་བརྒྱུད་ནང་བསྟན་སྐོར་གྱི《སྙིང་རྗེ་ལས་ལྟམས་པའི་ཤེས་རབ》ཅེས་པའི་དེབ་ཕྲེང་རྒྱའི་སྐད་དུ་བརྩམས་པས།  རྒྱའི་ཀློག་པ་པོ་དང་ནང་བསྟན་ཞིབ་འཇུག་པ་ཚོས༼ཧི་མ་ལ་ཡ་ནས་ཐོན་པའི་ཤེས་རབ་ཀྱི་སྤྱི་ནོར༽དང༼ནང་བསྟན་མཚན་ཉིད་དང་ལྷག་པར་བོད་བརྒྱུད་ནང་བསྟན་གཙུག་ལག་སྟོང་གི་ཕྱི་མོ༽  ༼རྒྱའི་ཀློག་པ་པོའི་ཁྲོད་དུ་ཆེས་བྲིན་པའི་བསྟན་བཅོས༽སོགས་ཀྱི་བསྟོད་པའི་བ་དན་སྒྲེང་བར་བྱེད།   ད་དུང་ཁོང་གིས་མཛད་པའི《ནང་དོན་རིག་གཞུང་གི་སྒྲོམ་གཞི》ཞེས་པའི་དེབ་དང༌།   《ནང་བསྟན་སྙིང་པོ་རྟེན་འབྲེལ》ཞེས་པ་གཉིས་ཨ་རིའི་ཁཱ་ལི་སྤུར་ནིས་ཡའི་མངའ་སྡེའི་སློབ་གྲྭ་ཆེན་མོའི་མི་རིགས་རིག་པའི་སློབ་དཔོན་ཡིས་ཏན་དང༌།  དབྱིན་ཇིའི་ཁམ་ཟམ་སློབ་གྲྭ་ཆེན་མོའི་འབུམ་རམས་པ་ལྕམ་ལྗ་ཁི་ལེན་ཧོའོ་ཕི།   ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པ་ཨ་རྡོར་སོགས་ཀྱིས་དབྱིན་ཇིའི་སྐད་དུ་བསྒྱུར་ཡོད། གཞན་གོང་གི་འདི་དག་དང་འདྲ་བའི་བརྩམས་ཆོས་མང་པོ་མང་པོ་ཞིག་ཡོད།


བརྡ་འགྲེལ་གདོང་འཛར།

མི་སྣ། རྩོམ་པ་པོ། དོར་ཞི།