སློབ་དཔོན་ས་ཀ་ལ་པའི(སྨྱོན་པ)ལོ་རྒྱུས་ནི། ཡུལ་རཱ་ཛ་པུ་ར། བླ་མ་རྣལ་འབྱོར་པ་ཞིག་ཡིན། དེ་ཡང་ས་ཀ་ལ་པ་དེ་སྔོན་བཟོད་པ་བསྒོམས་པའི་འབྲས་བུས་གཟུགས་བྱད་བཟང་ཞིང་ཡིད་དུ་འོང་བས་རཱ་ཛ་པུ་རའི་སྐྱེ་བོའི་ཚོགས་ཀུན་བལྟ་ཞིང་ཕྱིར་འབྲངས་པས་དེ་སྐྱོ་ནས། དུར་ཁྲོད་དུ་ཕྱིན་དེ་བསྡད་པས། རྣལ་འབྱོར་པ་ཞིག་ན་རེ། ཁྱོད་འདི་ན་ཅི་བྱེད་ཟེར། བདག་མི་ཀུན་གྱིས་འདུག་ཏུ་མ་སྟེར་ནས་འདིར་གབ་པ་ཡིན་ཟེར། འོ་ན་ཁྱོད་ཆོས་མི་བྱེད་དམ་བྱས་པས་བྱེད་དེ་བདག་ལ་ཆོས་སུས་སྟེར་ཟེར། རྣལ་འབྱོར་པས་བདག་གིས་སྦྱིན་གྱི་གསུངས་ནས་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར། བསྐྱེད་རྫོགས་ཀྱི་དོན་བསྒོམ་དུ་བཅུག་པས་བསྐྱེད་རྫོགས་ཟུང་འཇུག་གི་རྟོགས་པའི་ངང་དུ་བདག་གཞན་གཉིས་ཀྱི་དམིགས་པ་སྟོར་ནས། ཤུགས་འབྱུང་ལྷུག་པའི་ངང་དུ་གྲོལ་ཏེ་སྤྱོད་པ་ལ་གནས་པས་རཱ་ཛ་པུ་རིའི་མི་ཀུན་ན་རེ། འདིར་སྨྱོན་པ་ཞིག་འདུག་ཟེར་བ་ལ། རྟོགས་པ་བརྗོད་ནས་ཤིང་ཏ་ལ་བདུན་ཙམ་ནམ་མཁའ་ལ་འཕགས་ཏེ་ཆོ་འཕྲུལ་སྣ་ཚོགས་བསྟན་ནས་མཁའ་སྤྱོད་དུ་གཤེགས་སོ། །སློབ་དཔོན་ས་ཀ་ལ་པའི་རྟོགས་བརྗོད་ནི། འགྲོ་བ་འདི་དག་ཐོགས་མེད་དུས་ནས་འཁྲུལ། །འཁྲུལ་པའི་རང་བཞིན་འཇིག་རྟེན་སྨྱོན་པར་གྲགས། །བླ་མའི་མན་ངག་བདུད་རྩི་སྨན་གྱིས་ནི། །འཁྲུལ་པའི་ནད་རྣམས་སྐད་ཅིག་གཅིག་ལ་བསྲེགས། །ཞེས་གསུངས་སོ། །སློབ་དཔོན་ས་ཀ་ལ་པའི་རྣམ་ཐར་དང་ལོ་རྒྱུས་རྫོགས་སོ། །