སློབ་དཔོན་ལི་ལ་པའི༼སྒེག་ཆོས་པ༽ལོ་རྒྱུས་ནི། རྒྱ་གར༼ཤར་ཕྱོགས་ཟེར་བའང་སྣང༽ལྷོ་ཕྱོགས་ཀྱི་རྒྱལ་པོ་ཞིག་སེང་གེའི་ཁྲི་ལ་བཞུགས་པའི་ཚེ། ཡུལ་གཞན་ཞིག་ནས་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་དེའི་ཐད་དུ་བྱོན་པ་ལ། རྒྱལ་པོ་ན་རེ། ཁྱེད་རྒྱལ་ཁམས་ཀུན་ཏུ་འཁྱམས་པ་འདི་ཉོན་རེ་མོངས་གསུངས་པས། རྣལ་འབྱོར་པ་ན་རེ། རྒྱལ་པོ་ཉིད་རང་ཉོན་མོངས་ཏེ། རྒྱལ་སྲིད་ཤོར་གྱིས་དོགས། འགྲན་ཟླའི་རྒྱལ་པོ་རྒྱལ་གྱིས་དོགས། འབངས་རྣམས་མ་མགུ་ཞིང་མ་ཐུལ་གྱིས་དོགས་པས་ཉིད་རང་སྡུག་བསྔལ་ལོ། ། བདག་ནི་མེའི་ནང་དུ་མཆོངས་ཀྱང་མི་འཚིག དུག་ཟོས་ཀྱང་མི་འཆི། ན་རྒས་འཆི་བའི་སྡུག་བསྔལ་མེད། བདག་ལ་གཅུང་གཅེན་གྱི་གདམས་ངག་ཡོད་ཅེས་གསུངས་པ་དང་། རྒྱལ་པོ་དད་ནས་ཁྱེད་བཞིན་དུ་རྒྱལ་ཁམས་གཞན་དུ་འཁྱམས་པ་ནི་མི་ནུས། འོན་ཀྱང་རང་གི་རྒྱལ་སར་བསྡད་ནས་བསྒོམ་ནུས་པས་གདམས་ངག་ཅིག་ཞུ་ཞེས་ཕྱག་བྱས་པས། སློབ་དཔོན་གྱིས་ཀྱེ་རྡོ་རྗེའི་དབང་བསྐུར་ནས་དྲན་པ་རྩེ་གཅིག་པའི་གདམས་ངག་བྱིན་ནས་བསྒོམ་དུ་བཅུག་གོ ། དེ་ནས་རྒྱལ་པོ་རང་གི་སེང་གེའི་ཁྲི་ཟ་འོག་གི་འབོལ་ལ་བཞུགས། བཙུན་མོ་དང་བློན་པོའི་ཚོགས་ཀྱིས་རོལ་མོ་སྣ་ཚོགས་བྱེད་པས་མཐའ་བསྐོར་ཞིང་བསྒོམས་པས་མཚན་ཡང་ལོངས་སྤྱོད་པའམ། སྒེག་པས་ལི་ལ་པ་ཞེས་གྲགས་སོ། ། གདམས་ངག་དངོས་ནི། ཕྱག་གཡས་པའི་གསེར་གྱི་གདུ་བུ་ལ་སེམས་མ་ཡེངས་པར་བསྒོམས་པའོ། ། དེ་ཡང་མི་འགྱུར་བར་འདུག་བྱས་པས་དེའི་ནང་དུ་ཀྱེ་རྡོ་རྗེའི་ལྷ་ཚོགས་བསྒོམ་པའི་གདམས་ངག་བྱིན་པ་དང་། དེ་ཡང་མི་འགྱུར་བར་འདུག་གོ་ཞེས་བརྟན་པར་གྱུར་ནས། དེ་ནས་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པའི་གདམས་ངག་བྱིན་ནས་བསྒོམས་པས་རྟོགས་པ་རང་ཤུགས་སུ་ཤར་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་མངོན་ཤེས་ལྔ་ལ་སོགས་པའི་ཡོན་ཏན་དུ་མ་ཐོབ་ནས་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད། ལི་ལ་པའི་རྟོགས་པ་བརྗོད་པ་ནི། རྣལ་འབྱོར་རྒྱལ་པོ་སེང་གེ་བཞིན། །མགོ་ལ་གཡུ་མདོག་རལ་པས་བརྒྱན། །རྣལ་འབྱོར་དབང་ཕྱུག་རིག་སྔགས་འཆང་། །སེང་གེའི་སྡེར་མོ་བཅུ་དག་གིས། །གླང་ཆེན་ལ་སོགས་ཤ་རུས་འབྱེད། ། རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཡིས། །དེ་དག་མི་མཐུན་ཕྱོགས་ལས་འབྱེད། །ལི་ལ་པ་ཡིས་རྟོགས་ནས་གྲོལ། ། ཅེས་གསུངས་སོ། །མཚན་ཡང་ལི་ལ་ཏ་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་སོ། །སློབ་དཔོན་ལི་ལ་པའི་ལོ་རྒྱུས་དང་རྣམ་ཐར་རྫོགས་སོ། །