ཧོ་མའི་ལོ་རྒྱུས་སྙན་ངག《ཡེ་ལི་ཡ་ཐིག》ནང་ཐའེ་ལོ་ཡེ་ཡི་དཔའ་རྟུལ་ཨང་དང་པོ་ཧོ་ཁི་ཐའོ་ཨེར་བརྗོད་བྱ་རུ་བཟུང་མེད་མོད། འོན་ཀྱང་ཐའེ་ལོ་ཡེ་དང་ཀེ་རི་སེ་གཉིས་ཀྱི་ལོ་ངོ་བཅུ་ལྷག་གི་དམག་འཁྲུག་ཁྲོད། ཧོ་ཁོ་ཐའོ་ཨེར་གྱི་སྙིང་སྟོབས་དང་ཐའེ་ལོ་ཡེ་གྲོང་ཁྱེར་ལ་བཞག་པའི་བྱས་རྗེས་བགྲང་ལས་འདས་པ་ཞིག་ལ་མི་བུ་སུ་ཞིག་ཡིན་རུང་རྗེས་སུ་ཡི་རངས་བྱ་འོས་བ་ཞིག་ཡིན། གློག་བརྙན《ཐའེ་ལོ་ཡེ》ནང་། ཧོ་ཁི་ཐའོ་ཨེར་གྱི་སྣང་བརྙན་ནི་ཧ་ཅང་མངོན་གསལ་ཞིག་ཡིན་ཞིང་། ཁོས་ཡབ་ལ་བཅིངས་བའི་བརྩི་བཀུར་དང་བསྙེན་བཀུར། ནུ་བོ་ལ་བཅིངས་བའི་ཤ་ཚ་དང་ཐུགས་ཁུར། ཆུང་མ་ལ་བཅིངས་བའི་ཞི་འཇམ་དང་ཤ་ཚ། འཐབ་འཁྲུག་ལ་བཅིངས་བའི་དཔའ་ངར་དང་ཞུམ་པ་མེད་པ། རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཆེད་དུ་ཁོས་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་བཀོལ་ནས་ནམ་འཚོའི་བར་དུ་ཞབས་ཞུར་བརྩོན་པ་སོགས་ཀྱིས་ཀློག་པ་པོའམ་ཡང་ན་ལྟ་བ་བོ་གང་རུང་ཞིག་ལ་མཚོན་ན་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་རེད། གློག་བརྙན་གྱི་ཐད་ནས་བལྟས་ན་ཧོ་ཁི་ཐའོ་ཨེར་ནི་མིང་དོན་གཉིས་ལྡན་གྱི་དཔའ་བོ་ཞིག་ཡིན་ཞིང་། རང་ཉིད་ལ་མཚོན་ནས་བཤད་ན་གློག་བརྙན《ཐའེ་ལོ་ཡེ》ཁྲོད་བྱུང་བའི་དཔའ་བོ་གང་མང་ཞིག་གི་ཁྲོད་ཧོ་ཁི་ཐའོ་ཨེར་ནི་དཔའ་བོ་དང་པོར་བརྩི་འོས། རྒྱུ་མཚན་ནི་དཔའ་བོའི་འཐབ་འཛིང་ཁྲོད་ཁོ་རང་སྐུ་གཤེགས་རུང་དཔའ་བོ་གཞན་དང་བསྡུར་ནས་བཤད་ན། ཨ་ཁ་ལིག་སི་ནི་ངོ་སོའི་ཆེད་དུ་འཐབ་པ་ཡིན་ལ། ཕ་ལི་སི་ནི་ཕོ་མོའི་བརྩེ་དུང་གི་ཆེད་དུ་འཐབ་པ་དང་། ཨ་ཅ་མེན་ནུང་ནི་ཁེ་ཕན་གྱི་ཆེད་དུ་འཐབ་པ་ཡིན་མོད། འོན་ཀྱང་ཧོ་ཁི་ཐའོ་ཨེར་ནི་ཁོའི་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་འཐབ་པ་ཡིན་པས་ཁོ་དཔའ་བོ་ཨང་དང་པོར་བརྩི་འོས་པ་ཡིན།