བོད་རིགས།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2015-09-11 09:04ལ་འགྲུབ།

བོད་རིགས།

བོད་རིགས།
བོད་རིགས་ལ་བསྡོམས་པས་མི་གྲངས་ཁྲི640ལྷག་ཡོད་ཅིང་། དེ་དག་གཙོ་བོ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་འདབས་འབྲེལ་ཞིང་ཆེན་དུ་འདུས་སྡོད་བྱས་ཡོད་པ་དང་། ཕྱུགས་ལས་གཙོ་བོ་ཡིན་ལ། ཞོར་དུ་ཞིང་ལས་ཀྱང་གཉེར་བཞིན་ཡོད་པ་རེད། བོད་རིགས་ལ་རང་གི་སྐད་དང་ཡི་གེ་ཡོད། དུས་རབས་བཅུ་བ་ནས་བཅུ་དྲུག་བར་ནི། བོད་ཀྱི་རིག་གནས་དར་རྒྱས་ཆེས་ཆེ་བའི་དུས་སྐབས་ཡིན་ཞིང་། ལོ་བརྒྱ་ཕྲག་གི་རིང་ལ་བོད་ཀྱི་རིག་གནས་ལ་འཕེལ་རྒྱས་ཀྱི་གཟི་འོད་རབ་ཏུ་འབར་བ་དང་། འཛམ་གླིང་ན་སྐད་གྲགས་ཆེ་བའི《བཀའ་འགྱུར》དང《བསྟན་འགྱུར》གཙོ་བྱས་པའི་སངས་རྒྱས་ཆོས་གཞུང་གི་དཔེ་ཚོགས་རི་བོའི་གཏོས་དང་མཉམ་པ་སྔ་ཕྱིར་བྱུང་བ་དང་། དེ་མིན་སྡེབ་སྦྱོར་དང་རྩོམ་རིག མཚན་ཉིད་རིག་པ་དང་ལོ་རྒྱུས། ས་ཁམས། གནམ་དཔྱད་རིག་པ་། སྐར་རྩིས་དང་གསོ་བ་རིག་པ་སོགས་ཀྱི་གསུང་རྩོམ་ཡང་རབས་དང་རིམ་པ་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
藏族
ཕྱི་ཡིག་གི་མིང་།
the Tibetan nationality
སྐད་ཡིག
བོད་སྐད་དང་བོད་ཡིག
མི་གྲངས།
ཁྲི640(2013ལོར་སྡོམ་རྩིས་ལྟར་ན)
ཆོས་ལུགས་དད་མོས།
བོད་བརྒྱུད་ནང་བསྟན། གཡུང་དྲུང་བོན།
སྡོད་གནས་གཙོ་ཆེ་བ།
བོད་རང་སྐྱོང་ལྗོངས་དང་། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བཅས།
1 མིང་གི་ཐོགས་ཚུལ།

རང་རེའི་ཁ་བ་ཅན་གྱིས་དུས་སྔ་མོ་ནས་རང་ཉིད་ལ་བོད་ཅེས་འབོད་པ་ཡིན་ལ། ཡང་མིང་འདི་ཇི་ལྟར་ཐོགས་པའི་ཐད་ལ་སྔ་ཕྱི་ལོ་རྒྱུས་སྨྲ་བའི་མཁས་པ་སོ་སོར་བཞེད་ཚུལ་འདྲ་མིན་སྣ་ཚོགས་ཡོད་དེ། 

བོད་ཀྱི་མཁས་པ་སྔ་མ་དང་རྒན་རབས་ཕལ་ཆེར་གྱིས་རྒྱ་གར་བ་རྣམས་ཀྱིས་རང་ཅག་རྣམས་ལ་བྷོ་ཊ་ཞེས་འབོད་པས་དེ་ལས་བོད་ཅེས་པའི་མིང་བྱུང་བར་དགོངས་ཀྱང་།    《དེབ་ཐེར་དཀར་པོ》ལས། དེ་ཡང་རང་རེའི་ཡུལ་འདི་ལ་ཆེས་སྔ་མོ་ཞིག་ནས། རང་སྐད་དུ་བོད་ཀྱི་ཡུལ་ཞེས་བྱ་བར་གྲགས། རྒྱ་གར་པ་རྣམས་རང་རེ་ལ་བྷོ་ཊ་བྱ་བར་འབོད། དེ་ནི་གནས་དུས་ཀྱི་ཀློག་ལ་བོད་ཅེས་བརྗོད་ཚེ་བོ་དང་ད་གཉིས་ཀ་གསལ་བར་ཐོན་པའི་དབང་གིས། བོད། བྷོད། བྷོ་ཊ། ཞེས་རིམ་གྱིས་འགྱུར་ནས། དོན་ལ་བོད་བྱ་བའི་ཚིག་འདི་ག་རང་རྒྱ་སྐད་དུ་ཕར་ལ་ཟུར་ཆག་པ་ཡིན་གྱི། རྒྱ་གར་པས་ཚར་བཏགས་པ་ཞིག་ནི་མིན་པར་སེམས་ཞེས་ལེགས་པར་གསུངས་པ་དང་། ཡང་དེ་ཉིད་ལས། གཡུང་དྲུང་བོན་རྣམས་ཀྱི་ལྟར་ན། ཐོག་མར་བོན་གྱི་ཡུལ་ཞེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟུར་ཆག་པ་ཡིན་ནོ་ཞེས་གསུངས་པའང་ཡོད། 

དེ་ཡང་ཏུན་ཧོང་ནས་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི《རྒྱལ་རབས་རིམ་བྱུང་གི་མིང》ཞེས་བྱ་བའི་ལེའུར། བོད་ཀྱི་རྒྱལ་རབས་དང་རྗེ་གཉའ་ཁྲི་བཙན་པོ་བྱོན་ཚུལ་བརྗོད་སྐབས། འོ་ལྡེ་སྤུ་རྒྱལ་ཏེ་གཉའ་ཁྲིས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དབང་དུ་བསྡུས་རྗེས༼བོད་ཀ་གཡག་དྲུག་གི་རྗེར་གཤེགས་སོ༽ཞེས་འཁོད་པ་དང་། 《རྒྱལ་པོ་བཀའི་ཐང་ཡིག》ཏུའང་། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེཿཡུལ་མིང་བོད་ཁམས་གཡུའ་དྲུག་བྱ་བར་བཏགསཿཞེས་དང་། ཡང་ཁུ་སྟོན་གྱི《ལོ་རྒྱུས་ཆེན་མོ》བྱ་བར། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར་ཞེས་གསལ་པོར་བཀོད་པ་རྣམས་སྒོ་མཐུན་པ་བཞིན། སྔོན་གཉའ་ཁྲི་བཙན་པོ་ཐོག་མར་རྗེ་རུ་བྱོན་དུས་བོད་ཀ་གཡག་དྲུག་ཅེས་པའི་རྒྱལ་ཕྲན་ནམ་ཚོ་བ་ཆེན་པོ་ཞིག་ཡོད་པའི་རྒྱལ་པོ་བྱས་ནས་དབང་བསྒྱུར་བར་བརྟེན། རིམ་གྱིས་དེའི་གདུང་རྒྱུད་སྤུར་རྒྱལ་བཙན་པོའི་སྲིད་དབང་ཡུལ་གྲུ་གཞན་དུ་རྒྱ་བསྐྱེད་པར་གྱུར་པས། ཡུལ་ཉི་ཚེ་བ་བོད་ཀ་གཡག་དྲུག་གི་བོད་ཅེས་པའི་མིང་དེའང་ཁྱབ་ཇེ་ཆེར་སོང་ནས་མཐར་སྤུར་རྒྱལ་བོད་ཀྱི་ཆབ་འོག་ཏུ་འདུས་པའི་བོད་མི་རིགས་སྤྱིའི་མིང་དུ་འཇགས་པར་མངོན་ནོ། །

ཡང་སྔོན་དུས་རྒྱ་ནག་སྐད་དུ་རང་རེ་རྣམས་ལ་ཐུ་བྷོད(吐蕃)ཞེས་གྲགས་ཤིང་། དེ་ལ་མི་ལ་ལས་བོད་སྐད་ཀྱི་ལྷོ་བོད་དང་ཡང་ན་སྟོད་བོད་ཅེས་པའི་སྒྲ་ལས་བྱུང་བར་འདོད་ཀྱང་། དོན་དངོས་ལ་ཐ་སྙད་འདི་རྒྱའི་ཐང་རྒྱལ་རབས་སྐབས་སུ་བོད་ཀྱི་ཆབ་སྲིད་མཐའ་བཞིར་བསྐྱེད་པས་བོད་མི་རྣམས་ཀྱིས་རང་ཉིད་ལ་བོད་ཆེན་པོ་ཞེས་འབོད་པ་དེ་རྒྱ་སྐད་དུ་དང་ཐོག་ཏཱ་བྷོད་ཅེས་བྲིས་པ་ཕྱིས་ཏཱ་སྟེ་ཆེན་པོ་ཞེས་པའི་དོན་ལ་ཁོང་ཚོའི་ཡུལ་སྐད་དུ་ཐུ་ཞེས་བརྗོད་པས་རིམ་གྱིས་ཏཱ་བྷོད་་ཐུ་བྷོད་དུ་འགྱུར་བ་མཁས་པ་ཕལ་ཆེར་གྱིས་བཞེད་ལ། གནའ་བོའི་རྡོ་རིང་ངོས་སུའང་ཏཱ་བྷོད(大蕃)ཅེས་བྲིས་ཡོད་པས་ར་སྤྲོད་བྱུང་བ་ལྟར་མིང་དེ་ཐོག་མར་རྒྱ་ནག་སྐད་དུ་ཟུར་ཆག་སྟེ་བྱུང་བ་དང་། ཕྱིས་བོད་ཀྱི་མངའ་ཐང་ཇེ་རྒྱས་སོང་བར་བརྟེན། མིང་དེ་ཡང་ཕྱི་གླིང་སོགས་སུ་ཁྱབ་པས་དེང་སང་ཡང་འཛམ་གླིང་མི་རིགས་ཕལ་ཆེར་གྱིས་བོད་ལ་ཐུ་བྷོ་ཐི(Tibet)ཞེས་རྒྱུན་འབྱམས་སུ་འབོད་པ་ཡིན། དེང་སང་རྒྱ་སྐད་དུ་ཙང་ཙོའུ(藏族)ཞེས་འབོད་པ་ནི་དུས་ཕྱིས་ཡོན་རྒྱལ་རབས་སྐབས་ནས་བོད་ཡུལ་ལ་དབུས་གཙང་ཞེས་འབོད་པའི་སྲོལ་བྱུང་བར་བརྟེན་རིམ་གྱིས་གཙང་གི་མིང་ལས་དྲས་པ་བོད་མི་རིགས་སྤྱིའི་མིང་དུ་ཆགས་པ་ཙམ་ལས་བོད་རང་སྐད་དུ་གནའ་ནས་ད་བར་དུ་བོད་ཅེས་འབོད་པ་ལགས་སོ། །

2 འཕེལ་རིམ།

མིའི་རིགས་ཀྱི་ཐོག་མ་ནི་གནའ་བོའི་སྤྲ་རིགས་ནས་གྱེས་ཏེ་རིམ་གྱིས་མིར་གྱུར་པ་ཡིན་ལ། དེ་ཡང་ཐོག་མར་འགྲེང་བས་འགྲོ་ནུས་པར་བརྟེན་ལག་པས་རང་བྱུང་གི་རྡོ་དང་དབྱུག་པ་བཟུང་ནས་རི་དྭགས་རྔོན་པ་སོགས་ཀྱི་ངལ་རྩོལ་དང་ཁྱད་པར་དུ་མིའི་འགྲོ་བ་འཕེལ་རྒྱས་ཀྱི་གོ་རིམ་སྣ་ཚོགས་བརྒྱུད་པས། རིམ་གྱིས་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་སྐད་རིགས་བྱུང་ནས་སྨྲ་ཤེས་དོན་གོ་བའི་མཚན་ཉིད་ཅན་དུ་གྱུར་པ་དང་། རྩུབ་ཤིང་ལས་མེ་བླངས་ཏེ་ཟས་རིགས་འཚོས་པར་སྤྱོད་པ་དང་གོས་སུ་ཤིང་ལོ་དང་རི་དྭགས་པགས་པས་ལྕིབས་པ་སོགས་མིའི་རིགས་ཀྱི་འཚོ་བའི་མགོ་བརྩམས་པ་ཡིན་ལ། དེར་མཚུངས་རང་རེའི་བོད་མི་རིགས་ལའང་རང་གི་རིགས་རྒྱུད་ཀྱི་ཐོག་མ་སྤྲེའུ་དང་བྲག་སྲིན་མོ་བྱ་བའི་སྤྲ་རིགས་ཀྱི་སྲོག་ཆགས་གཉིས་ལས་འཕེལ་བའི་གཏམ་རྒྱུད་སྔ་མོ་ནས་གྲགས་ཆེ་ཞིང་། ཕྱིས་སུ་ཇོ་བོ་རྗེ་དང་གྲུབ་ཐོབ་དངོས་གྲུབ་གཉིས་ནས་གཏེར་ལས་བཏོན་ཟེར་བའི《བཀའ་ཆེམས་ཀ་ཁོལ་མ》དང《མ་ཎི་བཀའ་འབུམ》གཉིས་སུ་དེ་རྒྱས་པར་འཁོད་ཡོད།

བོད་རིགས་ཀྱི་མེས་པོ་རྣམས་གནའ་བོའི་དུས་ནས་ཡར་ཀླུང་གཙང་བོའི་དཀྱིལ་རྒྱུད་ཀྱི་འགྲམ་གཉིས་སུ་འཚོ་སྡོད་བྱས་ཡོད་ཅིང་། དུས་རབས་དྲུག་པའི་དུས་སུ། ལྷོ་ཁ་ས་ཆའི་ཡར་ཀླུང་ཚོ་བའི་མགོ་གཙོ་དེ་ས་དེའི་ཚོ་བ་ཁག་གི་གཙོ་འཛིན་ཏུ་གྱུར་ཏེ། མཚན་ལ་བཙན་པོ་རུ་གསོལ་ནས་བོད་ཅེས་པའི་རྒྱལ་རབས་ཤིག་བཙུགས་པ་རེད། དུས་རབས་བདུན་པའི་དུས་སྟོད་དུ། བཙན་པོ་སྲོང་བཙན་སྒམ་པོས་བོད་ལྗོངས་ཀྱི་ས་ཆ་ཧྲིལ་པོ་གཅིག་གྱུར་བྱས་ནས་རྒྱལ་ས་ལྷ་ས་རུ་གནས་སྤར་ཞིང་། རྒྱའི་ལོ་རྒྱུས་ཀྱི་དེབ་ཐེར་ཁག་གི་ནང་དུའང་ཐུ་བྷོད་ཅེས་འབོད། ཐུ་བྷོད་ཀྱི་སྲིད་དབང་བཙུགས་རྗེས། ཆབ་སྲིད་དང་དཔལ་འབྱོར།  རིག་གནས་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།

བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྐུ་རིང་ལ།  རྒྱའི་ཤར་ཕྱོགས་ཀྱི་དབུས་ཁུལ་ས་ཆའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་དང་འབྲེལ་འདྲིས་བྱས་པར་བརྟེན་ནས། བོད་ཀྱི་སྤྱི་ཚོགས་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་ཆེན་པོ་བྱུང་བ་རེད།

3 རིག་གནས་གོམས་སྲོལ།
3_1 བཟའ་བཏུང་གི་སྐོར།

QQ截图20150910095458.jpg

བོད་པ་རྣམས་ཀྱིས་ནས་ལས་གྲུབ་པའི་རྩམ་པ་ཟ་བ་དང་། དཀྲུགས་ཇ་དང་ནས་ཆང་འཐུང་བར་དགའ་ཞིང་། བོད་རིགས་སྤུན་ཟླ་ཚོར་ཟླ་གསུམ་ལ་ཤ་ཟས་རོལ་མ་ཐུབ་ནའང་། ཉིན་གཅིག་ལ་དཀྲུགས་ཇ་མེད་མི་རུང་ཞེས་པའི་ཁ་དཔེ་ཡོད་པ་ལྟར། ནས་ཆང་ནི་རང་ས་ནས་ཐོན་པའི་ནས་འབྲུ་སྔོན་མོས་བཙགས་ཤིང་བཟི་སྟོབས་ཞན་པའི་ཆང་ཞིག་ཡིན་པས། སྐྱེ་ཕོ་མོ་རྒན་གཞོན་ཐམས་ཅད་ནས་ཆང་བཏུང་བར་དགའ།  བོད་ཀྱི་ཁ་ཟས་གཙོ་བོ་ཤའི་རིགས་དང་འོ་མའི་རིགས་ཡིན་པ་མ་ཟད།  མི་མང་བོ་ཞིག་ཤ་སྐམ་ཟ་བར་ཧ་ཅང་དགའ་བ་རེད།

3_2 རྒྱན་གོས་ཀྱི་སྐོར།

བོད་ཀྱི་སྐྱེ་ཕོ་མོའི་རྒྱན་ཆ་དང་གྱོན་ཆས་ད་བར་དུ་མ་ཉམས་པར་སོར་བཞག་བྱས་ཡོད་ལ།  ས་གནས་མི་གཅིག་པ་ལ་རྒྱན་ཆས་ཀྱང་མི་འདྲ་བ་མང་བོ་ཡོད། དེ་དག་གི་ཁྱད་ཆོས་གཙོ་བོ་ཕུ་ཐུང་རིང་ལ་སྐེད་ཁོད་ཡངས་པ་དང་། གོས་མཐའ་དང་ཐུ་བ་ཅུང་ཆེ་བ།  བུད་མེད་ཚོས་དགུན་གྱི་དུས་སུ་ལྭ་རིང་དང་སློག་པ་གྱོན་ལ།  དབྱར་གྱི་དུས་སུ་ཕུ་ཐུང་མེད་པའི་ལྭ་རིང་དང་།  མདོག་སྣ་ཚོགས་སམ་ཡང་ན་ཚོན་རིས་རྣམ་པར་བཀྲ་བའི་ཚི་ལེན་ཁྲ་ཁྲའི་རིགས་དང་།  མདུན་གྱི་པང་དུ་ཚོན་རིས་བཀྲ་བའི་པང་ཁེབས་སོགས་གྱོན་པ་རེད།

བོད་རིགས་ནི་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན་དང་ཀན་སུའུ། ཡུན་ནན་སོགས་ཞིང་ལྗོངས་ལྔའི་ས་ཆར་ཁྱབ་ཡོད་པས།  ས་ཆ་དེ་དག་གི་རྒྱན་གོས་ལའང་རིགས་དང་རྣམ་པ་སྣ་ཚོགས་ཡོད་ལ། སྐྱེས་པ་ཚོས་གྱོན་ན་ཟིལ་ཤུགས་རྔམ་བརྗིད་ཀྱི་ཉམས་ལྡན་ལ།  སྐྱེས་མ་ཚོས་གྱོན་ན་མཛེས་སྡུག་ཡིད་དུ་འོང་བ་དང་། ཁྱད་པར་དུ་གསེར་དངུལ་གཡུ་བྱུར་སོགས་རིན་པོ་ཆེས་གྲུབ་པའི་རྒྱན་ཆས་སྤྲས་ཚེ། མཐོ་སྒང་བུད་མེད་ཀྱི་ཁྱད་ཆོས་དང་སྣང་བརྙན་འབུར་དུ་ཐོན་ཐུབ་པ་ཡིན།

3_3 ཆོས་ལུགས་དད་མོས་ཀྱི་སྐོར།

སྤྱི་ལོ་དུས་རབས་བདུན་པར་སངས་རྒྱས་ཆོས་ལུགས་རྒྱ་གར་ནས་བོད་དུ་དར་བ་ནས། ད་ལྟའི་བར་དུ་ལོ་ངོ1300ལྷག་གི་ལོ་རྒྱུས་ཡོད་པ་རེད།  སྤྱི་ལོ་དུས་རབས་བཅུ་གསུམ་ནས་བཅུ་དྲུག་གི་དུས་དཀྱིལ་དུ།  སངས་རྒྱས་ཆོས་ལུགས་རིམ་གྱིས་བོད་དུ་དར་ཁྱབ་བྱུང་ཞིང་། སངས་རྒྱས་ཆོས་ལུགས་ཀྱི་ཆོ་ག་དང་ལས་དོན་སྤེལ་ཚད་ཇེ་མང་དུ་སོང་ལ།  སངས་རྒྱས་ཆོས་ལུགས་ཀྱི་དགོན་པའང་བོད་ལྗོངས་ཀྱི་ས་གནས་སོ་སོར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་། བོད་དུ་སྙན་གྲགས་ཆེ་བའི་དགོན་པ་ལ་དགའ་ལྡན་དང་འབྲས་སྤུངས། སེ་ར། བཀྲ་ཤིས་ལྷུན་པོ་དང་ཕོ་བྲང་པོ་ཏ་ལ་སོགས་དགོན་ལག་ཆེ་ཆུང་མང་བོ་ཡོད་པ་རེད།  བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་རྙིང་མ་བ་དང་། ས་སྐྱ་བ། བཀའ་གདམས་པ།  བཀའ་བརྒྱུད་པ། དགེ་ལུགས་པ། ཇོ་ནང་བ། ཞི་བྱེད་གཅོད་སོགས་གྲུབ་མཐའ་མང་པོ་ཡོད།

3_4 གུས་ལུགས་ཀྱི་སྐོར།

བོད་རིགས་སྤུན་ཟླ་རྣམས་དྲི་མེད་ཀྱི་ཁ་བཏགས་ལ་དགའ་བ་དང་། དེ་ནི་རྩ་ཆེ་ཞིང་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཤིག་གི་མཚོན་བྱེད་ཡིན་ལ། ཁ་བཏགས་ནི་དྲི་མེད་གངས་ལས་དཀར་ཞིང་། དགའ་སྟོན་ལ་རོལ་བ་དང་ཡང་ན་ཐག་རིང་གི་མགྲོན་པོ། སྐྱེས་ཆེན་དང་རྒྱན་རབས་པར་མཇལ་འཕྲད། ཐང་རིང་ལ་འགྲོ་བའི་གཉེན་ཉེ་དང་སྐུ་མགྲོན་བསུ་སྐྱེལ་སོགས་བྱེད་སྐབས། ཁ་བཏགས་ཕུལ་ཏེ་གུས་བཀུར་དང་ལྷད་མེད་ཀྱི་བསམ་པ་མཚོན་བྱེད་ཅིག་ཡང་ཡིན་པ་རེད།

3_5 དུས་ཆེན་གྱི་སྐོར།

བོད་མི་རིགས་འདིར་ཡང་ཡུལ་སོ་སོའི་དུས་ཆེན་དང་། དགོན་པ་སོ་སོའི་དུས་མཆོད་སོགས་རྫོགས་ཡས་མེད་པའི་དུས་ཆེན་མང་པོ་ཞིག་ཡོད་དེ། འདིར་ཡང་དཔེ་མཚོན་རང་བཞིན་གྱིས་དུས་ཆེན་ཆེ་ཤས་འགའ་ངོ་སྤྲོད་བྱས་ན་འདི་ལྟ་སྟེ།

3_5_1 བོད་ཀྱི་ལོ་གསར།

QQ截图20150910095523.jpg

གནམ་ལོ་གསར་བཞད་ཀྱི་དགྱེས་སྟོན་ནི་བོད་རྒྱལ་དགུ་པ་པུ་དེ་གུང་རྒྱལ་སྤྱི་ལོའི་སྔོན་ལོ་བརྒྱ་ལྷག་ཙམ་གྱི་གོང་གི་དུས་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་།  རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས་དུས་བཞི་དབྱེ་བ་དང་། ཟླ་ཚེས་རྩིས་ཏེ་ལོ་འཁོར་མཚམས་ཀྱི་དུས་རྟགས་དེ་ལྷོ་ཁ་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་ཤར་འཕྲད་དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་ཆགས་པ་དང་དེ་ནས་བཟུང་བོད་ཀྱི་ལོ་གསར་ཐོག་མ་གཏོང་འགོ་ཚུགས་པ་རེད། བོད་ཟླ་དང་པོ་དེ་ཧོར་ཟླ་དང་པོར་བསྒྱུར་ལུགས་ཅུང་ཟད་བརྗོད་ན། དུས་རབས་བཅུ་གསུམ་པའི་ནང་ཧོར་གོང་མ་ཇིང་གིར་རྒྱལ་པོ་ཡིས་བོད་ཀྱི་རྒྱལ་ཕྲན་སིལ་བུ་རྣམས་སྦྲགས་བོད་ཁྲི་སྐོར་བཅུ་གསུམ་གྱི་ཆེས་མཐོའི་འགན་དབང་ཡོད་ཚད་ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཕུལ་ནས་རྒྱ་བོད་མི་རིགས་དབར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་། ཆོས་ལུགས་བཅས་ཀྱི་འབྲེལ་བ་གོང་འཕེལ་གཏོང་སྐབས་རྒྱ་ནག་གི་ཧང་ལེ་ཟླ་བ་དང་པོ་དང་། བོད་ཟླ་དང་པོ་མཐུན་པར་བརྟེན་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ཁྱབ་ཆེ་ཤོས་ཀྱི་བོད་ཀྱི་ལོ་གསར་གཏོང་སྲོལ་དེ་ཆགས་པ་རེད།   འོན་ཀྱང་ཆ་ཤས་ནས་བརྗོད་ན་བོད་དུ་ལོ་གསར་གཏོང་སྲོལ་ཐད་ཡུལ་སྡེ་སོ་སོའི་ཆོས་ལུགས་ཀྱི་གྲུབ་མཐའ་དང་། ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་དབང་གིས་སོ་སོའི་ཁྱད་ཆོས་ཀྱི་ལོ་གསར་ཡང་གཏོང་སྲོལ་ཡོད་པ་དཔེར་ན། ཀོང་པོ་ཁུལ་དུ་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་ལོ་གསར་གཏོང་བ་དང་།  སྟོད་མངའ་རིས་སྤུ་ཧྲེང་རྫོང་སོགས་ལ་བོད་ཟླ་བཅུ་གཅིག་ལ་ལོ་གསར་གཏོང་བ།   བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་རྒྱ་ནག་གི་སོ་ནམ་ལོ་གསར་འཁེལ་བ་དང་། ལྷན་དུ་བོད་ཀྱི་ལོ་གསར་གཏོང་སྲོལ་ཆགས་པ་དེ་བོད་ཀྱི་གནའ་སྲོལ་དང་། ཀོང་ཇོ་ཕྱི་མའི་ལུགས་དེ་ནི་དུས་ད་ལྟའང་ལྷ་ས་མན་ཆད་ཆུ་ཤར་རྫོང་གི་ཁོངས་སོགས་དབུས་གཙང་གི་ས་ཁུལ་མང་པོ་ཞིག་ལ་སྔ་སོར་གནས་པའི་སོ་ནམ་ལོ་གསར་ཟེར་བ་དེ་གཏོང་སྲོལ་ཆགས་པ་རེད། དེར་བརྟེན་བོད་ཁྱོན་ཡོངས་ཀྱི་ལོ་གསར་གཅིག་གྱུར་ཞིག་མེད་ཅིང་། འདིར་ཧང་ལེ་དང་སྟུན་པའི་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ཡིན་ཞིང་། ཤོད་སྲོལ་ལ་ཧོར་ཟླ་དང་པོའི་ཚེས་གཅིག་ལ་བླ་མ་ལོ་གསར་དང་། ཚེས་གཉིས་ལ་རྒྱལ་པོ་ལོ་གསར། ཚེས་གསུམ་ལ་གཟབ་གསོལ་གྲོལ་སྟོན་བཅས་ཟེར་ཞིང་ཆེས་ཁྱབ་ཆེ་བའི་མང་ཚོགས་ཀྱི་ཁྲོད་དུ་ལོ་གསར་སྔ་ནུབ་ཏུ་བྲེལ་བ་ཆེ་ཤོས་ཀྱི་དུས་ཤིག་སྟེ་ལོ་གསར་གྱི་སྟ་གོན་གཙོ་བོ་གྲོ་སོ་ཕྱེ་མར་དང་། གྲོ་མ་འབྲས་སིལ། ལོ་ཕུད། ཆང་ཕུད། ཁ་ཟས་ཁུར་ཁོག་དང་། ཉ་ཤག་སྨུག་ཐུང་།   སྦོ་ལུགས།   པིན་ཏོག་བཅས་ཁ་ཟས་ཀྱི་སྡེར་ཁ་དང་།   ཤིང་འབྲས་སྣ་ཚོགས་བླུགས་པའི་སྡེར་མ།   ཉི་ཟླའི་གཟུགས་དབྱིབས་ཀྱིས་རྒྱན་པའི་ལུག་མགོ ཇ་སྦག་དང་། མར་གྲོད་རིལ། མར་གྱི་གཡུང་དྲུང་རི་མོས་རྒྱན་པའི་ཞིབ་ཐུད་གྲུ་བཞི།  དེ་མིན་ས་ཁུལ་སོ་སོའི་ཐོན་དངོས་བཟའ་བཅའི་རིགས་འདྲ་མིན་སྣ་ཚོགས་རང་རང་གི་འཁོས་དཔག་ལ་གཞིགས་ཏེ་མཆོད་གཤོམ་གྱི་མདུན་ནམ་ཡང་ན་ཆ་སྒམ་སྟེང་སྒྲིག་གཤོམ་བྱེད། གཞན་ཡང་དག་སྣང་ཆེན་པོས་ཚོགས་ཕུད་དང་། མཆོད་ཡོན་སྣེ་ལྔ་ལ་སོགས་པ་སྒྲིག་སྲོལ་ཡོད། དེ་མིན་ཁང་པའི་གདུང་མ་དང་། སྒོ་སྒེའུ་ཁང་ལ་ཤམ་བུ་སྒོ་ཡོལ། ཁ་གདན་གསར་པ་རྒྱག་པ་ཐབ་ཚང་གི་རྩིག་ལྡེབས་སུ་དུ་དྲེག་ཡོད་སར་གྲོ་ཞིབ་ཀྱི་དཀར་རྟགས་བཀྲ་ཤིས་རྟགས་བརྒྱད་ལ་སོགས་པ་བཀྲ་ཤིས་པའི་རི་མོ་དང་། ཐབ་ཀྱི་ཐོད་དུ་ཀླུ་མོ་མཚོན་བྱེད་སྡིག་རའི་གཟུགས། ཕྱི་སྒོའི་མདུན་གཡུང་དྲུང་ངམ་ཡང་ན་བཀྲ་ཤིས་ཀྱི་རི་མོ་སྣ་ཚོགས་ཀྱི་དཀར་ཐིག་འཐེན་པ།  ཐོག་སྟེང་དུ་འཛུགས་རྒྱུའི་དར་ལྕོག་གྲ་སྒྲིག་བྱེད་པ་སོགས་མདོར་ན་རྟེན་འབྲེལ་ཕྱིན་ཅི་མ་ལོག་པ་བྱེད་ཅིང་།   བོད་ལུགས་ལོ་གསར་གྱི་གནམ་གང་དགོང་མོ་ནི་བྲེལ་འཚུབ་ཆེ་ཞིང་སྤྲོ་སྐྱིད་ལྡན་པའི་ཉིན་མོ་ཞིག་ཡིན་ཞིང་། ཉིན་དེར།ཁྱིམ་གྱི་ཁང་མིག་སོ་སོ་དང་རང་གི་ལུས་ཕུང་ལ་གཙང་སྦྲ་བྱེད་པ་ལས་གཞན་ད་རུང་ཁྱིམ་ཚང་སོ་སོས་གྲོ་སོ་ཕྱེ་མའི་སྣོད་དུ་མར་གྱིས་བརྫིས་པའི་རྩམ་པ་དང་། ཡོས་རྔོས་མ། གྲོ་མ་སོགས་ཟས་སྣ་ཕུན་སུམ་ཚོགས་པ་སྒྲིག་ཤོམ་བྱེད་པ་དང་ཆབས་ཅིག  དེའི་སྟེང་དུ་ནས་འབྲུའི་སྙེ་མ་དང་མར་གྱིས་བཟོས་པའི་མེ་ཏོག་སྣ་ཚོགས་ཀྱང་འཛུགས་པ་ཡིན། དེའི་རྗེས་སུ་ཟས་རིགས་སྣ་ཚོགས་དང་། ནས་ཆང་། སིལ་ཏོག་དང་ཇ་ལོ། མར་དང་ཚྭ་སོགས་བོད་ཁང་དཀྱིལ་དབུས་ཀྱི་མཆོད་མདུན་དུ་བཤམས་ཏེ། སྒོ་ཆེན་གྱི་མདུན་དུ་རྩམ་པ་དང་དཀར་རག་གིས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བྲིས་ཏེ། ལོ་གསར་བའི་ནང་དུ་འབྲུ་རིགས་སྣ་ལྔས་ལོ་ལེགས་འབྱུང་ཞིང་མི་ཕྱུགས་ཀྱི་འཕེལ་ཁ་འཛོམས་པར་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།

ལོ་གསར་གྱི་དགོང་མོའི་དུས་སུ་ཁྱིམ་ཚང་སོ་སོའི་ཁྱིམ་མི་ཚང་མ་མཉམ་དུ་འཛོམས་ཏེ། དགུ་ཐུག་འཐུང་བ་དང་། དེ་ནི་རྙིང་བ་དོར་ནས་གསར་བ་བསུ་བ་དང་ཞི་བདེ་དང་བཀྲ་ཤིས་འབྱུང་བའི་རྟགས་མཚན་ཡིན། ཁྱིམ་མི་ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་ནས་དགུ་ཐུག་རོལ་རྗེས། དཔལ་འབར་ལག་ཏུ་ཐོགས་ཤིང་ཤོག་སྦག་རྒྱག་བཞིན་ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ་ཞེས་པའི་སྒྲ་དང་བཅས་ཏེ། ལམ་བཞི་མདོ་ཞིག་ཏུ་སོང་ནས་སང་ལོའི་རྟེན་འབྲེལ་སྒྲིག་པ་དང་ཐམས་ཅད་བགྱི་བ་ཡར་ལྡན་དུ་འགྲོ་བའི་སྨོན་ལམ་འདེབས་པ་ཡིན།  ཚེས་གཅིག་གི་ཞོག་པ་སྔ་ལངས་ཀྱིས་རྒྱན་གོས་གཟབ་མཆོར་གྱིས་རྒྱན་ཏེ་སྔོན་ལ་ཆུ་ཕུད་ལེན་པ་དང་། ལྷ་བསང་འབུལ་བ། གཙུག་ལག་ཁང་སོགས་རྟེན་མཆོག་རྣམས་ཀྱི་སྤྱན་སྔར་མཆོད་མཇལ་ཞུ་བ། རང་ཁྱིམ་དུ་གསོལ་ཇ་འབྲུ་དང་། གྲོ་འབྲས། ཕྱེ་མར། ཆང་ཕུད། གྲོ་ཐུགཆང་སྐོལ། དཀར་སྤྲོ་སོགས་རོག་བཅུད་ལྡན་པའི་ཟས་བཟང་ལ་ཅི་འདོད་ལྟར་ལོངས་སུ་སྤྱོད་པ་དང་། ཞི་དུལ་འཛུམ་མདངས་ཀྱི་རྣམ་འགྱུར་བཅངས་ཏེ་གྲོང་ཁྱིམ་ཕན་ཚུན་ཕྱེ་མར་རྒྱུགས་པར་འགྲོ་ཡི་ཡོད་པ། གཏམ་གྱི་དང་པོར་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་དྲོ་སྐུ་ཁམས་བཟང་ཞེས་ཤིས་ཚིག་བརྗོད་པ་དང་སྦྲགས་ཕྱེ་མར་དང་། ཆང་ཕུད་བཏེགས་ཏེ་བཀྲ་ཤིས་མཚམས་འདྲིར་འགྲོབ་ཡིན། དེ་ཉིན་རང་ཁྱིམ་སོ་སོར་སྤྲོ་སྐྱིད་བྱེད་པ་ལས་ཕན་ཚུན་མགྲོན་སྐྱོད་བྱེད་སྲོལ་མེད་ལ་ཁ་རྩོད་རྒྱག་པ་སོགས་ཚུལ་མིན་གྱི་བྱ་སྤྱོད་གཏམ་གསུམ་གང་ཅིར་འཛེམས་ཆ་བྱེད་པ་བཅས་ཀྱི་སྲོལ་བཟང་དེ་དག་ཐོག་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་རང་རེ་བོད་མི་རིགས་འདི་བཞིན་བློ་གྲོས་དང་། ཤེས་རབ། ཞི་དུལ། སྤྱོད་བཟང་བཅས་ལྡན་པའི་མི་རིགས་ཤིག་ཡིན་པ་གོང་གསལ་གྱི་གོམས་སྲོལ་ལས་མཚོན་ཡོད།

3_5_2 ས་ག་ཟླ་བ།

1(389).jpg

བོད་ལུགས་ཀྱི་ཟླ4པའི་ཚེས1ཉིན་ནི་བོད་ཀྱི་སྲོལ་རྒྱུན་གྱི་དུས་སྟོན་ཆེན་མོ་སྟེ་ས་ག་ཟླ་བའི་ཉིན་དང་པོ་ཡིན་ཞིང་། རྒྱུ་སྐར་ས་ག་འཆར་བའི་ཧོར་ཟླ་བཞི་པ་འདིའི་ཚེས་བཅོ་ལྔ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཁེལ་པས་བོད་ཡུལ་ཆོལ་ཁ་གསུམ་གྱི་སེར་སྐྱ་ཕོ་མོ་རྣམས་ཀྱིས་རྣམ་དཀར་དགེ་བའི་ཚོགས་བསགས་པའི་ཆོས་སྤྱོད་ཀྱི་དུས་ཕུན་སུམ་ཚོགས་པ་ཞིག་ཡིན་ཞིང་། དུས་སྟོན་འདི་ལས་བྱམས་སྙིང་རྗེ་ལྡན་པའི་མི་རིགས་ཤིག་གི་ཐུན་མོང་གི་འདུ་ཤེས་དང་བསྟན་པའི་དམ་ཆོས་ལ་དད་མོས་ཆེ་བའི་སྲོལ་ལུགས་དེ་མངོན་པར་མཚོན་ཐུབ་པ་རེད། ས་ག་ཟླ་བའི་ནང་དུ་དད་ལྡན་མང་ཚོགས་ཀྱིས་མ་བསྐུལ་དང་ལེན་སྒོས་དཀར་ཟས་ལ་རོལ་བ་དང་། ཡར་དཀོན་མཆོག་ལ་མཆོད་པ་འབུལ་བ་དང་སྨད་ཉམས་ཆུང་སེམས་ཅན་ཀུན་ལ་སྦྱིན་པ་གཏོང་བ། སྡིག་པ་མི་དགེ་བའི་ལས་ཀུན་སྤང་བ་སོགས་མདོར་དྲིལ་ན་དགེ་རྩ་ནི་ས་ག་ཟླ་བའི་འགྱུར་མེད་ཀྱི་བརྗོད་གཞི་འབའ་ཞིག་ཏུ་གྲུབ་འདུག་པས།  ས་ཡི་གོ་ལ་ཟླུམ་པའི་སྟེང་ང་རྒྱལ་དང་ཞེ་སྡང་། ཕྲག་དོག  འདོད་ཆགས་སོགས་ཀྱི་རྒྱུ་ཆེས་ཆེར་འཕེལ་བའི་དེང་གི་དུས་དེར།  འགྲོ་བ་སེམས་ཅན་ཀུན་གྱིས་སྡིག་པ་མི་དགེ་བའི་རྒྱུ་ཞི་བར་བྱེད་ཅིང་རྣམ་དཀར་དགེ་བའི་ལས་ལ་གཞོལ་ནས་སྤྱི་ཚོགས་འཆམ་ཞིང་མཐུན་པ་ཞིག་ཡོང་བར་དགེ་མཚན་ཀུན་ལས་ལྷག་པ་ཞིག་ལྡན་ནོ། །

3_5_3 དགའ་ལྡན་ལྔ་མཆོད།

67905d39t89be01fbbbd0&690.jpg

བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ནི་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་དུས་མཆོད་གྱི་ཉིན་མོ་ཞིག་ཡིན་པ་རེད། རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་ནི་བོད་རབ་བྱུང་དྲུག་པའི་མེ་བྱ་སྟེ་སྤྱི་ལོ1358ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་། རྗེ་བདག་ཉིད་ཆེན་པོ་འདི་པས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་། དགའ་ལྡན་སྒྲུབ་མཆོད་ཆེན་མོ།གཉལ་གྱི་ལུང་ར་ཆེན་མོ། རྫིང་ཕྱིའི་བྱམས་པ་ཞིག་གསོ་བྱས་པ་སོགས་ཀྱི་མཛད་འཕྲིན་བླ་ན་མེད་པ་བགྱིས། ཁོང་ཉིད་རབ་བྱུང་བདུན་པའི་ས་ཕག་ལོ་སྟེ་སྤྱི་ལོ1419ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ཏེ་དགུང་གྲངས་རེ་གསུམ་པའི་སྟེང་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་རྫོགས། དེའི་ཕྱིའི་ལྕགས་བྱི་ལོ་སྟེ་སྤྱི་ལོ1420ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་མེད་གསུམ་དང་། ཀྱེ་རྡོར། དུས་འཁོར། ཚེ་དཔག་མེད།  ཀུན་རིགས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་སྨིན་སྒྲུབ་མཛད་པ་དང་མཉམ་དུ།  ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ་དགེ་འདུན་མང་པོས་ཆོས་ཀྱི་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་བཟུང་། དེང་སང་གི་བར་དུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་བོད་ཡུལ་ཆོལ་ཁ་གསུམ་དུ་དད་ལྡན་མང་ཚོགས་ཀྱིས་མཆོད་པ་འབུལ་བ་དང་། ཕྱག་འཚལ་བ། སྨྱུང་གནས་སྲུང་བ། དམིགས་བརྩེ་མ་ཟློ་བ། དཀར་བའི་ལས་བགྱི་བ་སོགས་ཆོས་ཀྱི་ཆོ་ག་རྒྱ་ཆེན་པོ་བྱེད་པའི་སྲོལ་འདི་བྱུང་ཞིང་། དུས་ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་དེའི་ཐོག་ནས་སེར་སྐྱ་ཡོངས་ཀྱིས་རྗེ་བདག་ཉིད་ཆེན་པོར་སྙིང་དབུས་ནས་དད་གུས་ཀྱིས་རྗེས་དྲན་ཞུ་བ་མཚོན་པར་བྱེད་ཀྱིན་ཡོད་པ་རེད།

3_6 སྲོལ་རྒྱུན་རིག་གནས་ཀྱི་སྐོར།

ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་བོད་རིགས་མི་དམངས་ཀྱིས་འོད་སྟོང་འབར་བའི་མི་རིགས་རིག་གནས་གསར་གཏོད་བྱས་པ་དང་། དེ་མིན་རྩོམ་རིག་དང་གླུ་དབྱངས། ཞབས་བྲོ་དང་མཛེས་རིས། བརྐོས་རིས་དང་བཟོ་སྐྲུན་མཛེས་རྩལ་སོགས་ཀྱི་ཐད་ནས་ཀྱང་ཕུན་སུམ་ཚོགས་ཤིང་རྨད་དུ་བྱུང་བའི་རིག་གནས་ཀྱི་ཤུལ་བཞག་ཡོད་ལ། དུས་རབས་བཅུ་གཉིས་ནས་བཅུ་གསུམ་གྱི་སྔ་གཞུག་ཏུ། བོད་མི་རིགས་ཀྱི་རོལ་མོའི་རྣམ་བཤད་སྐོར་གྱི་བརྩམས་ཆོས་གྲགས་ཅན་ཡང་མང་དུ་བྱུང་ཡོད་པས། དཔེར་ན། ས་སྐྱ་པཎྜ་ཏའི《རོལ་མོའི་བསྟན་བཅོས》དང་། དགོན་པའི་ནང་དུ་ད་བར་དུ་མ་ཉམས་པར་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཀྱི་གནའ་བོའི་རོལ་དབྱངས་ཀྱི་དབྱངས་རྟ་སྟེ། དབྱངས་ཞེས་པ་ཡོད་ཅིང་། བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ལ་ཁྱད་ཆོས་འབུར་དུ་ཐོན་ཞིང་དབྱངས་རྟའི་འགྱུར་ཁུགས་ལ་རིགས་ཧ་ཅང་མང་། དཔེར་ན། དམངས་ཁྲོད་གླུ་དབྱངས་དང་ཆོས་ལུགས་ཀྱི་རོལ་དབྱངས། ཕོ་བྲང་ནང་གི་གླུ་དབྱངས་སོགས་རིགས་གསུམ་ཡོད། དམངས་ཁྲོད་གླུ་དབྱངས་ལ་དབྱེ་ན། དམངས་གླུ་དང་ཞབས་བྲོའི་དབྱངས། སྒྲུང་དང་གཏམ་བཤད་ཀྱི་དབྱངས། ཟློས་གར་དང་རོལ་ཆའི་དབྱངས་སོགས་རིགས་ལྔ་ཡོད་པ་དང་། དབུས་གཙང་དང་ཁམས། ཨ་མདོ་སོགས་ཆོལ་ཁ་གསུམ་གྱི་དམངས་ཁྲོད་གླུ་དབྱངས་ཀྱི་ཁྱད་ཆོས་ལའང་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། གླུ་གཞས་ཀྱི་རིགས་དང་གདངས་དབྱངས་ཀྱང་མི་མཐུན་པ་ཡིན།



བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས།