རཱ་པིན་ཟུན་གྱི་ཡུལ་གྱར་ཟིན་ཐོ།སྔ་མའི་པར་གཞི་དེ གཡང་སྒྲོལ་མ།  ནས 2015-09-08 13:46ལ་འགྲུབ།

རཱ་པིན་ཟུན་གྱི་ཡུལ་གྱར་ཟིན་ཐོ།

རཱ་པིན་ཟུན་གྱི་ཡུལ་གྱར་ཟིན་ཐོ།
ཚོང་པའི་ཁྱིམ་དུ་སྐྱེས་པའི་རཱ་པིན་ཟུན་ནི་མཚོ་སྐྱོད་བྱེད་པར་ཤིན་ཏུ་དགའ་ཞིང་། ནམ་ཡིན་རུང་སྒོ་ཕྱི་རུ་སོང་ནས་རང་ཚོད་ཅིག་ལེན་དགོས་སྙམ། ཉིན་ཞིག་ཁོས་ཨ་ཕར་གསང་ནས་མཚོ་སྐྱོད་ཀྱི་ལམ་དུ་ཆས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《鲁滨逊漂流记》
ཕྱི་ཡིག་གི་མིང་།
《The Life and Strange Surprising Adventures of Robinson Crusoe》
རྩོམ་པ་པོ།
ཏན་ཉི་ཨར•ཏིས་ཧྥི།
རྣམ་གྲངས།
ཉེན་མཆོང་སྒྲུང་གཏམ།


1 རྩོམ་པ་པོ་ངོ་སྤྲོད།

《རཱ་པིན་ཟུན་གྱི་ཡུལ་གྱར་ཟིན་ཐོ》རྩོམ་མཁན་ཏན་ཉི་ཨར·ཏིས་ཧྥི་ནི(1660ལོ་ནས1731ལོའི་བར)དབྱིན་ཇིར་ཆོས་ལུགས་ལ་ངོ་རྒོལ་བྱེད་པའི་ཁྱིམ་ཞིག་ཏུ་འཁྲུངས།        ཨ་ཕ་ནི་ཚོང་པ་ཞིག་ཡིན།       ཏིས་ཧྥིའི་མི་ཚེ་ལ་ངོ་མཚར་བའི་བྱུང་བརྗོད་མངའ་ཞིང་།        ལོ་བཅུ་གསུམ་སྟེང་ཚོང་གཉེར་མགོ་བརྩམས།         ཕམ་ཁ་ཇི་ལྟར་མྱངས་ཀྱང་ཡིད་མི་ཆད་ཅིང་།         ཞར་དུ་སྒེར་སྡོམ་ལ་ངོ་རྒོལ་དང་དམངས་ཀྱི་ཁེ་དབང་ལ་བརྩོན་ལེན།         དམངས་བྱིངས་ལ་སློབ་གསོ་སྤེལ་བ་དང་ཆོས་ལུགས་དད་མོས་རང་དབང་ཡིན་དགོས་པ་སོགས་ཀྱི་རང་ལྟ་གསོང་བོར་བསྒྲགས།       ཐོ་ལི་ཏང་གི་ཆོས་ལུགས་སྲིད་ཇུས་ལ་ཡི་གེའི་ལམ་ནས་དགག་པ་བརྒྱབ་པས་བཙོན་འཇུག་ཀྱང་བྱས་མྱོང་།        ཁོང་གིས་ཚགས་པར་དང་དུས་དེབ་སོགས་གཉེར་མྱོང་བར་མ་ཟད།         ཆབ་སྲིད་དང་དཔལ་འབྱོར་ཐད་ཀྱི་དཔྱད་བརྗོད་སོགས་ཀྱང་གང་མང་སྤེལ་མྱོང་།       དགུང་ལོ་ང་དགུའི་སྟེང་ད་གཟོད《རཱ་པིན་ཟུན་གྱི་ཡུལ་གྱར་ཟིན་ཐོ》ཞེས་པའི་སྒྲུང་གཏམ་འདི་འབྲི་མགོ་བརྩམས།       སྒྲུང་གཏམ་འདི་ནི་ཁོང་གི་སྒྲུང་རིང་ཐོག་མ་ཡིན་ལ་ཁོང་ཉིད་མིང་དུ་གྲགས་བྱེད་ཀྱི་བརྩམས་ཆོས་ཀྱང་ཡིན།        ཕྱིས་སུ་ཁོང་གིས་རིམ་པ་བཞིན《མའོ་ཨར·ཧྥོ་ལན་ཏིག་སི》དང《གྲུ་དཔོན་ཞིན་ཀིན་ཏུན》《ནད་ཡམས་ལོའི་ཟིན་ཐོ》སོགས་སྒྲུང་གཏམ་དང་ཚགས་པར་དུས་དེབ་རྩོམ་རིག་གི་ཡབ་ཆེན་ཞེས་པའི་ཆོ་ལོ་མངའ།

2 རྒྱབ་ལྗོངས་ངོ་སྤྲོད།

1719ལོར་དུས་དེབ《དབྱིན་ཇི་པ》ཞེས་པའི་སྟེང་།       སི་ཀི་ལན་གྱི་གྲུ་པ་སའེ་ཨར་ཁུ་དང་གྲུ་དཔོན་གཉིས་བར་འགལ་བ་བྱུང་བས་དེ་ཉིད་གླིང་ཕྲན་ཞིག་གི་སྟེང་དུ་སྤྱུགས་ནས་ལོ་བཞི་འགོར་རྗེས་མི་སྐད་སྨྲ་མི་ཤེས་པའི་མི་རྒོད་དུ་གྱུར།       ཕྱིས་སུ་མཚོ་སྐྱོད་པ་ཞིག་གིས་མཐོང་ནས་དེ་ཉིད་ཕྱིར་དབྱིན་ཇིར་ཁྲིད་འོངས་ཞེས་པའི་གསར་འགྱུར་ཞིག་སྤེལ།         གསར་འགྱུར་དེས་ཏིས་ཧྥིར་བློ་སྐྱེད་ཐོབ་སྟེ་ཁོང་གིས་གསར་འགྱུར་དེ་རྒྱུ་ཆ་བྱས་ཐོག         སྒྲུང་གཏམ《རཱ་པིན་ཟུན་གྱི་ཡུལ་གྱར་ཟིན་ཐོ》ཞེས་པ་འདི་བརྩམས་པ་ཡིན།

སྒྲུང་རིང་འདི1719ལོར་སྤེལ་ཞིང་།       སྐབས་དེའི་ཡོ་རོབ་གླིང་ནི་མ་རྩ་རིང་ལུགས་ཀྱི་འཕེལ་ཁ་མྱུར་ཞིང་བཀས་བཀོད་ལམ་ལུགས་ནི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ལ་བར་ཆད་བྱེད་པའི་བཀག་རྡོ་རུ་གྱུར་ཡོད།       སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་སྟོབས་ཤུགས་རྒྱས་ཟིན་པའི་མ་རྩ་རིང་ལུགས་ཀྱིས་བཀས་བཀོད་སྒེར་སྡོམ་དེ་སྔར་ལྟར་དང་ལེན་བྱེད་མི་འདོད་པས།         བཀས་བཀོད་པའི་རྒྱལ་པོའི་དབང་ཆ་ལྷས་བསྩལ་ཞེས་པའི་མཚན་ཉིད་དེར་ཁ་གཏད་དེ།        མི་ཡི་ཁེ་དབང་གནམ་གྱིས་གནང་ཞེས་པའི་གཞུང་ལུགས་ཤིག་བཏོན་ནས་རྒྱལ་ཁབ་ཀྱི་དབང་ཆ་དེ་མི་དམངས་ལ་དབང་བ་དང་ཁྲིམས་ལུགས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པའི་ལྟ་བ་བཏོན་པ་ལས་གཞན།       རང་དབང་དང་འདྲ་མཉམ།          བརྩེ་བ་ཆེན་པོ་ཞེས་པའི་ཁ་གཡང་ཡང་བསྒྲགས།

ཏིས་ཧྥིའི་བརྩམས་ཆོས་ནི་དབྱིན་ཇིའི་དཔལ་འབྱོར་ཡར་རྒྱས་འབྱུང་དུས་ཚོང་ལས་མ་རྩ་གྲལ་རིམ་ཕྱིར་མཚོན་བྱེད་པའི་འཐུས་ཚབ་ཡིན།       ཁོང་གི་ཉེན་མཆོང་སྒྲུང་གཏམ་ནི་ཕྱོགས་གཅིག་ནས་སྐུ་དྲག་དང་རྟ་པའི་ཉེན་མཆོང་སྒྲུང་གཏམ་དང་ཁ་གཏད་དུ་ལངས་ཡོད།       ཕྱོགས་གཞན་ཞིག་ནས་སྐབས་ཐོག་དེའི་དབྱིན་ཇིའི་སྤྱི་ཚོགས་ཡོངས་ས་རྒྱུས་ཐད་ནས་གོ་རྟོགས་གསར་བ་བྱུང་བ་དང་མངའ་ཁོངས་རྒྱ་བསྐྱེད་འདོད་ཀྱི་ཧམ་སེམས།        མ་རྩ་ཅན་དག་གིས་རྒྱལ་ཕྱིར་ཚོང་སྣ་འདྲེན་འདུན་གྱི་སེམས་ཁམས་དག་ཀྱང་ཕྱིར་མཚོན་བྱས་ཡོད་པ་ཡིན།

3 ནང་དོན་གནད་བསྡུས།

ཚོང་པའི་ཁྱིམ་དུ་སྐྱེས་པའི་རཱ་པིན་ཟུན་ནི་མཚོ་སྐྱོད་བྱེད་པར་ཤིན་ཏུ་དགའ་ཞིང་།        ནམ་ཡིན་རུང་སྒོ་ཕྱི་རུ་སོང་ནས་རང་ཚོད་ཅིག་ལེན་དགོས་སྙམ།        ཉིན་ཞིག་ཁོས་ཨ་ཕར་གསང་ནས་མཚོ་སྐྱོད་ཀྱི་ལམ་དུ་ཆས།        ཐོག་དང་པོར་མཚོ་སྐྱོད་བྱས་པ་དེ་སྟབས་མ་ལེགས་པར་གྲུ་གཟིངས་རླུང་ཆེན་དང་དྲག་རླབས་ལ་ཐུག་སྟེ་གཞན་ཕར་ཞོག་ཅུང་མིན་ན་རང་སྲོག་ཀྱང་ཤོར།        ཐེངས་གཉིས་པར་ཁོ་རང་གྲུར་བརྟེན་ནས་ཧྥེ་གླིང་དུ་སོང་ནས་ཚོང་གཉེར་ཏེ་ཁེ་ཆེན་པོ་ལོན།          ཐེངས་གསུམ་པར་ཡང་སྟབས་མ་ལེགས་པར་ཐུར་ཁེ་པ་དག་གི་བྲན་དུ་གྱུར།      ཉིན་ཞིག་བདག་པོའི་གྲུ་ཆུང་གཡོལ་ནས་བྲོས་པ་ན།        ལམ་བར་དུ་ཕོར་ཐིའུ་ཀལ་ཚོང་སྐྱེལ་གྲུ་གཟིངས་ཤིག་ལ་བརྟེན་ནས་ཐར།        གྲུ་དེ་པར་ཙིར་བསླེབས་རྗེས་རཱ་པིན་ཟུན་གྱིས་ཚོང་གཉེར་པའི་ཁེ་ལ་བརྟེན་ནས་གཞིས་ཆེན་ཞིག་ཉོས་ཏེ་བསྡད་མོད།           འོན་ཀྱང་དེ་ལྟར་འདུག་པར་མ་མོས་པར་ཡང་བསྐྱར་མཚོར་ཞུགས་ཏེ་ཧྥེ་གླིང་དུ་སོང་ནས་བྲན་གཡོག་ཉོ་ཚོང་བྱེད་པའི་ལས་ཀ་གཉེར།       ཕྱིར་ལོག་པའི་ལམ་བར་དུ་གྲུ་གཟིངས་རླུང་འཚུབ་དྲག་རླབས་དང་ཕྲད་ནས་ཁོ་རང་གཅིག་པུ་མ་གཏོགས།          གཞན་རྣམས་ཚང་མ་ལྔ་བའི་ལམ་དུ་ཞུགས།         ཁོ་གཅིག་པུ་གྲུ་རལ་པོ་དེ་དང་མཉམ་དུ་མི་མེད་གླིང་ཕྲན་ཞིག་གི་འདབས་སུ་རླབས་ཀྱིས་དེད།         ཁོས་གྲུའི་དར་ཤིང་བླངས་ཏེ་གཟིངས་ཤིག་ལས་ནས་གྲུའི་སྟེང་གི་ཟས་རིགས་དང་ལྭ་བ།        མཚོན་ཆ་ཡོ་ཆས་སོགས་མཁོ་དངོས་ཡོད་ཚད་ཕྱིར་ཁྱེར་ཡོང་ནས་རི་ཆུང་ཞིག་གི་འདབས་སུ་རས་གུར་ཕུབ་ནས་གཞི་སྡོད་བྱས།        ཁོས་སྟབས་བདེ་མདུན་ཅོག་དང་ཨོང་སྟེགས་སོགས་མཁོ་ཆས་འགའ་ལས་ཤིང་།          ཟས་སུ་རི་དྭགས་རྔོན་ནས་དང་ཐོག་གི་དཀའ་ངལ་དེ་དག་ལས་ཐར་ཐབས་བྱས།       

རཱ་པིན་ཟུན་གླིང་ཕྲན་དེའི་སྟེང་རང་ཁོ་ན་ལོ་ངོ་བཅུ་བདུན་འགོར་བའི་ཉིན་ཞིག་ལ་ཁོས་མཚོ་འགྲམ་དུ་མིའི་རུས་ཀྱིས་བཀང་འདུག་པ་དང་མེ་བུས་པའི་ཤུལ་ཡོད་པ་མཐོང་།        ཡིན་རྒྱུ་ནི་གླིང་ཕྲན་གཞན་གྱི་མི་རྒོད་འགས་དེ་རུ་མི་ཤའི་སྟོན་མོ་བཤམས་པ་རེད།       ཚུལ་དེ་མཐོང་ནས་ཁོ་རང་སྔངས་ཤིང་སྐྲག        དེ་ནས་བཟུང་ཁོས་དུས་རྒྱུན་དོགས་ཟོན་བྱས་བྱས་ལ་བསྡད་པ་ལས་གཞན།        རང་གི་ཁོར་ཡུག་གི་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་མཉམ་བཞག་པ་ཡིན།         གནས་དེ་རུ་ལོ་ངོ་ཉེར་བཞི་འགོར་བའི་ཉིན་ཞིག་ལ་གླིང་ཕྲན་སྟེང་ཡང་བསྐྱར་མི་རྒོད་འགའ་ཡོང་བ་ལས་གཞན།        ཟས་སུ་གྲྭ་སྒྲིག་བྱས་པའི་བཟུང་མི་འགའ་ཡང་ཡོད།         ཚུལ་དེ་མཐོང་ནས་རཱ་པིན་ཟུན་གྱིས་ཐབས་ཤེས་ལ་བརྟེན་ནས་བཟུང་མི་ཞིག་བསྐྱབས།        དེའི་མིང་ལ་གཟའ་པ་སངས་ཞེས་བཏགས།        ཕྱིས་སུ་གཟའ་པ་སངས་ནི་ཁོའི་བློས་ཐུབ་ཏུ་གྱུར།      དེའི་རྗེས་ནས་ཁོ་དང་གཟའ་པ་སངས་གཉིས་ཀས་སི་ཕེན་པ་ཞིག་དང་གཟའ་པ་སངས་ཀྱི་ཕ་ཡང་བསྐྱབས།       དེ་ནས་ཅང་མ་འགོར་བར་དབྱིན་ཇིའི་གྲུ་ཞིག་གླིང་ཕྲན་དེའི་འདབས་སུ་བསྡད།     གྲུ་པ་འགས་དོན་རྐྱེན་བསླངས་ཏེ་གྲུ་དཔོན་དང་མི་གཉིས་གླིང་ཕྲན་སྟེང་སྤྱུགས།        རཱ་པིན་ཟུན་དང་གཟའ་པ་སངས་གཉིས་ཀྱིས་གྲུ་དཔོན་ལ་རོགས་བྱས་ནས་གྲུ་པ་དེ་དག་ཆམ་དུ་ཕབ་པར་མ་ཟད་གྲུ་ཡང་ཕྱིར་ཕྲོགས།        གྲུ་པ་དེ་དག་གླིང་ཕྲན་སྟེང་སྤྱུགས་སྟེ་ཁོས་གཟའ་པ་སངས་དང་གྲུ་དཔོན་གཉིས་ཁྲིད་ནས་ཕྱིར་དབྱིན་ཇིར་ལོག          སྐབས་དེར་རཱ་པིན་ཟུན་ཕ་ཡུལ་དང་ཁ་གྱེས་ནས་ལོ་ངོ་སོ་ལྔ་འགོར་ཡོད།        ཕྱིས་སུ་ཁོས་ཀྱང་གཉེན་བསྒྲིགས་ཏེ་བུ་ཕྲུག་གསུམ་སྐྱེས།        ཆུང་མ་འདས་རྗེས་རཱ་པིན་ཟུན་ཡང་བསྐྱར་མཚོར་ཞུགས་ནས་ཚོང་རྒྱག་ཏུ་སོང་།        ལམ་བར་དུ་ཁོ་རང་མི་ཚེ་ཕྱེད་ཀ་ཙམ་ལ་བསྡད་མྱོང་བའི་གླིང་ཕྲན་དེ་བརྒྱུད་སྐབས་དེར་ཡོད་པའི་གྲུ་པ་དེ་དག་དང་སི་ཕེན་པ་དེ་རྣམས་ཀྱིས་ཀྱང་གཞིས་བཏབ་ནས་འཚོ་བ་རོལ་བཞིན་ཡོད།          རཱ་པིན་ཟུན་གྱིས་གནས་སྤོ་པ་གང་མང་ཞིག་གནས་དེར་སྐྱེལ་བར་མ་ཟད།         དེ་དག་ལ་ས་ཞིང་བགོས་ཤིང་རྒྱུན་སྤྱོད་མཁོ་ཆས་གང་མང་བཞག་རྗེས་ད་གཟོད་ཡིད་ཚིམ་བཞིན་ཕྱིར་ལོག

4 དཔྱད་བརྗོད།

ཀློག་མཁན་གྱི་ཡིད་སེམས་འགུགས་ཤིང་མི་སེམས་ཁུར་དུ་ལྕི།         ཁ་གྱེས་པའི་ཚུལ་གཡར་ནས་འཇིག་རྟེན་དར་རྒུད་ཀྱི་རང་ཚོར་བརྗོད།      དོན་དངོས་དང་མི་དངོས་རྒྱུ་རྐྱེན་ཉིས་འཛོམས།

—ཁུང་ཧྲང་རིན་གྱིས།