ཧོ་མའི་ལོ་རྒྱུས་སྙན་ངགསྔ་མའི་པར་གཞི་དེ གཡང་སྒྲོལ་མ།  ནས 2015-09-07 17:07ལ་འགྲུབ།

ཧོ་མའི་ལོ་རྒྱུས་སྙན་ངག

ཧོ་མའི་ལོ་རྒྱུས་སྙན་ངག
བསྟན་བཅོས་འདི་རྩོམ་མཁན་ཧོ་མ་ལ་མཚོན་ན་ལོ་རྒྱུས་ཡིག་ཆ་དཀོན་པས་ད་རག་བར་འཁྲུངས་འདས་སོགས་གཏན་འབེབ་བྱས་མེད། 《ཧོ་མའི་ལོ་རྒྱུས་སྙན་ངག》ཅེས་པའི་བསྟན་བཅོས་འདིར་མཚོན་ནའང་དགྲོལ་ཐབས་བྲལ་བའི་གསང་རྒྱ་མང་བས་བྱུར་བུར་སྤུངས་པའི་རྩོད་གཞིས་ཡོ་རོབ་གླིང་གི་རྩོམ་རིག་ལོ་རྒྱུས་སྟེང་ཧོ་མའི་གནད་དོན་ཞེས་གླེང་བྱ་ཞིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《荷马史诗》
ཕྱི་ཡིག་གི་མིང་།
Homeric Epic
རྩོམ་པ་པོ།
ཧོ་མ།
བྱེ་བྲག
《ཡེ་ལི་ཡ་ཐིག》དང《ཨའོ་ཏི་སའེ》
1 རྩོམ་པ་པོ་ངོ་སྤྲོད།

བསྟན་བཅོས་འདི་རྩོམ་མཁན་ཧོ་མ་ལ་མཚོན་ན་ལོ་རྒྱུས་ཡིག་ཆ་དཀོན་པས་ད་རག་བར་འཁྲུངས་འདས་སོགས་གཏན་འབེབ་བྱས་མེད།        《ཧོ་མའི་ལོ་རྒྱུས་སྙན་ངག》ཅེས་པའི་བསྟན་བཅོས་འདིར་མཚོན་ནའང་དགྲོལ་ཐབས་བྲལ་བའི་གསང་རྒྱ་མང་བས་བྱུར་བུར་སྤུངས་པའི་རྩོད་གཞིས་ཡོ་རོབ་གླིང་གི་རྩོམ་རིག་ལོ་རྒྱུས་སྟེང་ཧོ་མའི་གནད་དོན་ཞེས་གླེང་བྱ་ཞིག་ཏུ་གྱུར་ཡོད།

རིགས་འདེད་བྱས་པ་ལྟར་ན་ཧོ་མ་ནི་ཕལ་ཆེར་སྤྱི་ལོ་སྔོན་གྱི་དུས་རབས་དགུ་བ་ནས་དུས་རབས་བརྒྱད་པའི་བར་གྱི་སྙན་ངག་པ་ལོང་བ་ཞིག་ཡིན་པར་བཤད།

ཁོང་གི་འཁྲུངས་ཡུལ་ཡ་ཏེན་ནམ་ཡང་ན་ཀེ་རི་སེའི་བྱང་ཕྱོགས།        ཡང་ལ་ལས་ཀེ་རི་སེའི་ཤར་ཕྱོགས་ཀྱི་ཡ་ཞི་ཡ་ཆུང་ངུའི་རྒྱུད་དུ་འདོད་ཀྱང་གནའ་བོའི་ཐོ་བཀོད་མང་བོའི་སྟེང་ཁོང་ནི་གླིང་ཕྲན་ཞི་འུག་སེ་དང་ཡང་ན་ཡ་ཞི་ཡ་ཆུང་ངུའི་སི་ཉེ་ཨར་གྱི་ཡིན་པར་འདོད།        གནས་འདི་གཉིས་ཀ་ཨེ་ཆིན་མཚོའི་ཤར་ཕྱོགས་ན་གནས།       ཧོ་མ་ཞེས་པའི་མིང་གི་དོན་ལའང་རྩོད་གཞི་ཡོད་ལ།       ལ་ལས་མི་གཏའ་རུ་གོ་ལ།      དེ་དོན་དངོས་ཡིན་ན་ཧོ་མ་ཉིད་གཡོག་པོའམ་བཟུང་དམག་ཅིག་གི་རྒྱུད་དུ་འཁྲུངས་པར་ངེས།        ཡང་ལ་ལས་དེ་ནི་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞེས་པའི་དོན་ཡིན་པར་འདོད།       དེས་ན་ལོ་རྒྱུས་སྙན་ངག་འདི་ནི་དམངས་ཁྲོད་ཀྱི་བཤད་རྒྱུན་དུ་མ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པར་ཀྱང་ངེས།          ད་དུང་ཧོ་མ་ནི་མིག་གཉིས་ལོང་འདུག་པའི་རོལ་མོ་མཁན་ཞིག་ཡིན་པའི་ངག་རྒྱུན་ཡང་མངའ།         རྒྱུ་མཚན་ནི་གནའ་བོའི་ཡོ་རོབ་གླིང་གི་རོལ་མོའི་ལས་རིགས་གཉེར་མཁན་མང་ཤོས་ནི་ལོང་བ་ཡིན་པས་དེ་ལྟར་འདོད་མོད།         ཧོ་མ་ནི་དེ་ལྟ་བུའི་ཆེད་ལས་པ་ཞིག་ཡིན་མིན་ད་དུང་བརྟག་བྱའི་ཡུལ་ཡིན།     མི་མང་ཤོས་ཀྱིས་ཁོང་ནི་ལོ་རྒྱུས་སུ་བྱུང་མྱོང་བའི་རླབས་ཆེན་གྱི་སྙན་ངག་པ་ཞིག་ཡིན་ཞིང་།        ཁོང་གིས་དམངས་ཁྲོད་དུ་ཁྱབ་འདུག་པའི་ངག་རྒྱུན་རྣམས་ཕྱོགས་བསྒྲིགས་སྒོས《ཡེ་ལི་ཡ་ཐིག》དང《ཨའོ་ཏི་སའེ》ཞེས་སྙན་ངག་གི་བསྟན་བཅོས་གཉིས་ཕྱི་རབས་པའི་གསོས་སུ་བསྩལ་བར་འདོད།

2 རྒྱབ་ལྗོངས་ངོ་སྤྲོད།

《ཧོ་མའི་ལོ་རྒྱུས་སྙན་ངག》དངོས་སུ་པར་སྐྲུན་བྱས་པའི་དུས་ནི་སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པ་ཡིན།        དེར《ཡེ་ལི་ཡ་ཐིག》དང《ཨའོ་ཏི་ཞིག་སི》ཞེས་བསྟན་བཅོས་གཉིས་འདུས།        ལོ་རྒྱུས་སྙན་ངག་འདིའི་བརྗོད་བྱའི་འབྱུང་གཞི་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་ཀེ་རི་སེ་ཕྱེད་གླིང་ཤར་རྒྱུད་ཀྱི་ཨ་ཁད་ཡ་པ་དང་ཡ་ཞི་ཡ་ཆུང་ངུའི་བྱང་རྒྱུད་ཀྱི་ཐེ་ལུའོ་དབྱི་པ་གཉིས་བར་ལོ་ངོ་བཅུའི་རིང་ལ་བྱུང་བའི་འཐབ་འཁྲུག་དེ་ཡིན།       འཐབ་འཁྲུག་དེ་མཇུག་རྫོགས་རྗེས་དམངས་ཁྲོད་དུ་ངག་རྒྱུན་གང་མང་བྱུང་ཞིང་།        ངག་རྒྱུན་དེ་དག་མགུར་གྱི་རྣམ་པ་རུ་འཐབ་འཁྲུག་ཁྲོད་བྱུང་བའི་དཔའ་བོའི་མཛད་རྗེས་ལ་བསྔགས་པ་དང་བརྒྱུད།        གནའ་བོའི་ཀེ་རི་སེའི་ལྷ་སྒྲུང་དང་ཡང་སྦྲེལ་འདུག        དམངས་ཁྲོད་སྒྲུང་པ་སོགས་ཀྱི་ངག་ལ་བརྟེན་ནས་མི་རབས་ནས་མི་རབས་སུ་རྒྱུན་བསྲིངས།         དགའ་སྟོན་དང་དུས་ཆེན་སོགས་དང་ཁེལ་བ་ན་རུས་རྒྱུད་འདེད་རྒྱུ་ཡོད་པའི་སྐུ་དྲག་གི་གཞིས་ཀ་རུ་རྡུང་ལེན་བྱེད་པ་ཡིན།      ཕལ་ཆེར་སྤྱི་ལོ་སྔོན་གྱི་དུས་རབས་དགུ་བ་ནས་དུས་རབས་བརྒྱད་པའི་བར་དུ་སྙན་ངག་པ་ལོང་བ་ཧོ་མས་མགུར་རྟ་དེ་རྨང་གཞི་བྱས་ཐོག་སྒྲུང་གླུར་སྒྱུར།        སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པར་དངོས་སུ་ཡིག་ཐོག་ཏུ་བཀོད།        སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ནས་གཉིས་པའི་བར་ཡ་ལི་ཧྲན་ཏ་གྲོང་ཁྱེར་གྱི་མཁས་པ་ཚོས་མ་ཕྱིས་དེར་ཞུ་དག་དང་བསྐྱར་བསྒྲིགས་བྱས།        དེ་ནི་དེ་རིང་ང་ཚོས་མཐོང་བའི《ཧོ་མའི་ལོ་རྒྱུས་སྙན་ངག》འདི་ཡིན།    སྙན་ངག་གི་བསྟན་བཅོས་ཆེན་པོ་འདི་ནི་ཡོ་རོབ་རྩོམ་རིག་ལོ་རྒྱུས་ཁྲོད་ཆེས་སྔ་བ་དང་ཆེས་གལ་ཆེ་བའི་བརྩམས་ཆོས་ཡིན།        དེས་ཕྱི་རབས་པའི་སྙན་ངག་པའི་སྡེ་ལ་ཕུན་སུམ་ཚོགས་པའི་རྒྱུ་ཆ་དང་བློ་སྒོ་འབྱེད་པའི་བསྟན་བཅོས་གྲངས་མེད་ཅིག་འབྱུང་བྱེད་ཀྱི་རྐྱེན་དུ་གྱུར།

3 ནང་དོན་གནད་བསྡུས།

《ཡེ་ལི་ཡ་ཐིག》ཅེས་པའི་མཚན་བྱང་གི་དོན་དངོས་ནི“ཡེ་ལི་འང་གི་གཏམ་རྒྱུད”ཅེས་པ་ཡིན།            གཙོ་བོ་ཀེ་རི་སེ་པས་ཐེ་ལུའོ་དབྱི་གྲོང་ལ་རུབ་རྡུབ་བྱས་པའི་གཏམ་རྒྱུད་དེ་ཡིན།         སྐབས་དེར་ཀེ་རི་སེ་པས་གྲོང་རྡལ་དེ་ལ“ཡེ་ལི་འང”ཟེར།       འཐབ་འཁྲུག་འདིའི་འབྱུང་རྐྱེན་ནི“མི་འཆམ་པའི་གསེར་གྱི་ཀུ་ཤུ”ཡིན།       མི་འཆམ་ལྷ་མོ་འུག་ལེ་སི་ཉིད་ཨ་ཁ་ལིག་སིའི་ཕ་མ་གཉིས་ཀྱི་གཉེན་སྟོན་དུ་མ་བོས་པ་དེར་སྡང་སེམས་བཅངས།         མོས་སྟེང་དུ“ཆེས་མཛེས་པའི་ལྷ་མོར་ཕུལ་པ་ཡིན”ཞེས་བྲིས་འདུག་པའི་གསེར་གྱི་ཀུ་ཤུ་དེ་སྟོན་མོ་བཤམས་འདུག་པའི་མདུན་ཅོག་སྟེང་འཕངས་པ་ན།       ལྷ་མོ་ཧའོ་ལ་དང་ཡ་ཏེན་ན།        ཨ་ཧྥོ་ལོ་ཏི་ཐེ་གསུམ་ཀས་འཕྲོག་རེས་བྱས།         ཀྲིག་སིས་མོ་ཚོར་ཐེ་ལུའོ་དབྱི་རྒྱས་སྲས་ཕ་ལི་སི་འཚོལ་དང་ཁོ་ལ་བདེན་ཁ་སྟེར་དུ་ཆུགས་ཞེས་མངགས།          ལྷ་མོ་གསུམ་ཀས་ཀྱང་ཀུ་ཤུ་དེའི་ཆེད་རྒྱལ་སྲས་ཀྱི་འདོད་དོན་སྒྲུབ་རྒྱུ་ཁས་བླངས།         མཐར་ཕ་ལི་སིས་གསེར་གྱི་ཀུ་ཤུ་དེ་ཨ་ཧྥོ་ལོ་ཏི་ཐེ་ལ་བྱིན།          ཡིན་རྒྱུ་ནི་མོས་ཁོ་ལ་རང་གི་འདོད་དོན་འགྲུབ་ན་འཇིག་རྟེན་ན་མཛེས་པའི་ཏོག་ཏུ་གྱུར་པའི་མཛེས་མ་དེ་ཁོའི་ཆུང་མར་བསུ་བར་ཁས་བླངས་པས་ཡིན།      ཕྱིས་སུ་ཨ་ཧྥོ་ལོ་ཏི་ཐེས་རམ་བུ་བཏེགས་པ་ལ་བརྟེན་ནས་རྒྱས་སྲས་ཕ་ལི་སིས་རྒྱལ་པོ་སི་པ་ཏའི་བཙུན་མོ་སྟེ་མཛེས་མ་ཧེ་ལུང་ཁབ་ཏུ་བསུས་པས་ཐེ་ལུའོ་དབྱི་དང་ཀེ་རི་སེ་བར་གྱི་ལོ་ངོ་བཅུ་རང་གི་འཐབ་འཁྲུག་དེ་བསླངས་པ་ཡིན།        འཐབ་འཁྲུག་བརྒྱབ་པ་ནས་ཆེས་མཇུག་མཐའི་ལོ་དེར་ཀེ་རི་སེའི་མཉམ་འབྲེལ་དམུག་དཔུང་གི་དམག་སྤྱི་ཆེན་པོ་ཨ་ཅ་མུན་ལུང་གིས་དཔའ་བོ་ཨ་ཁ་ལིག་སིའི་ལག་ནས་བཟུང་དམག་མཛེས་མ་ཞིག་ཡོད་པ་དེ་ཕྲོགས་པས་དཔའ་བོ་ཁོང་ཁྲོ་ཆེན་པོའི་ངང་འཐབ་འཁྲུག་དེ་ལས་ཕྱིར་བུད།            ཨ་ཁ་ལིག་སི་གཡུལ་དུ་མ་ཞུགས་པ་རྐྱེན་དུ་གྱུར་ནས་ཁོའི་གྲོགས་བཟང་བོ་ཕ་ཐིག་ལོ་ཁི་ལོ་སིས་གྲོགས་ལ་རོ་སྐྱིན་ལེན་ཆེད་སླར་གཡུལ་དུ་ཞུགས་ནས་མཐར་ཧོ་ཁོ་ཐོ་ཨར་དམར་གསོད་བྱས་ཏེ་དབུ་བཅད་ནས་ཁྱེར།         ཡེ་ལི་འང་གི་རྒྱལ་པོ་ཕུ་ལི་ཨ་མོ་སི་དཔའ་བོ་ཨ་ཁ་ལིག་སིའི་སྒར་དུ་བུ་ཧོ་ཁི་ཐོ་ཨར་གྱི་དབུ་བླུ་རུ་ཡོང་།         ཕན་ཚུན་བར་རེ་ཞིག་འཐབ་མཚམས་འཇོག་རྒྱུར་གྲོས་འཆམ་བྱུང་སྟེ་ཧོ་ཁོ་ཐོ་ཨར་ལ་འདས་མཆོད་རྒྱ་ཆེར་མཛད།

《ཨའོ་ཏི་སའེ》ཞེས་པ་ལས་ཀེ་རི་སིའི་དཔའ་བོ་ཨའོ་ཏི་ཞིག་སི་ཉིད་ཐེ་ལུའོ་དབྱིའི་འཐབ་འཁྲུག་མཇུག་རྫོགས་རྗེས་ཕྱིར་ཡུལ་དུ་ལོག་པའི་གཏམ་རྒྱུད་ཡིན།         ཧོ་ཁོ་ཐོ་ཨར་ཤི་བའི་རྗེས་སུའང་ཡེ་ལི་འང་རྫོང་གི་འཐབ་འཁྲུག་དེ་མུ་མཐུད་ནས་ཡུན་རིང་ཞིག་ལ་བརྒྱབ།       ཕྱིས་སུ་ཨ་ཁ་ལིག་སི་ཕ་ལི་སིས་མདས་བཀྲོངས།          ཀེ་རི་སེའི་དཔའ་བོ་ཨ་ཁ་ལིག་སིས་བློ་བཏོན་ནས་ཤིང་ལས་བྱས་པའི་རྟ་ཆེན་པོ་ཁོག་སྟོང་ཞིག་བཟོས་ཏེ་ནང་དུ་དམག་བསྐུངས་ཤིང་།        ཕམ་པར་བྱས་ཁུལ་དུ་ཤིང་ལས་བྱས་པའི་རྟ་ཆེན་པོ་དེ་བསྐྱུར་ནས་ཕྱིར་བྲོས་པ་ན།         ཐེ་ལུའོ་དབྱི་པ་རྣམས་ཀྱིས་རྒྱལ་ཁ་ལོན་པའི་རྟགས་སུ་གསོབ་རྟ་དེ་རྫོང་མཁར་ནང་དུ་དྲུད།        མཐར་ཀེ་རི་སེ་པ་རྣམས་ཀྱིས་ཕྱི་ནང་ཁ་སྤྲད་དེ་ཡེ་ལི་འང་རྫོང་གཏོར་ཅིང་།        ལོ་བཅུའི་རིང་ལ་བརྒྱབ་པའི་འཐབ་འཁྲུག་དེ་མཇུག་བསྡུས།          ཨའོ་ཏི་ཞིག་སིས་སྡོངས་གྲོགས་རྣམས་ཁྲིད་དེ་གྲུར་བསྡད་ནས་ཕྱིར་རང་ཡུལ་དུ་ཆས་མོད།        འོན་ཀྱང་ཕྱིར་ལོག་པའི་ལམ་བར་དུ་དཀའ་ཁག་རབ་དང་རིམ་པ་ཞིག་མྱངས།         《ཨའོ་ཏི་སའེ》ཡི་སྔོན་མའི་པོ་ཏི་བཅུ་གསུམ་ནི་ལྡོག་འབྲིའི་རྣམ་པ་བཀོལ་ནས་ཨའོ་ཏི་ཞིག་སི་ཧྥེ་འད་ཁི་སི་གླིང་ཕྲན་དུ་བསླེབས་རྗེས་རྒྱལ་པོ་ཨ་འར་ཅི་ནོ་སི་ཉིད་ལ་རང་གིས་དཀའ་ཐུབ་མྱངས་ཚུལ་ཞུས།        ཨའོ་ཏི་ཞིག་སི་འཁོར་དང་བཅས་པ་ཐོག་མར་ཁ་ཁུང་ནི་སི་པ་དག་གི་གནས་སུ་ཆས་ཏེ་དེ་དག་གི་རྒྱལ་ས་གཏོར།           དེ་ནས་དྲན་ཉམས་པད་མ་ཟས་སུ་བྱེད་པའི་གནས་ཤིག་ཏུ་ཆས་ནས་ཁོ་ཚོས་ཀྱང་པད་མ་དེ་ཟས་སུ་སྤྱད་པས་དྲན་པ་ཉམས་ནས་ཕ་ཡུལ་བརྗེད།        ཕྱིས་སུ་གྱད་ཆེན་མིག་གཅིག་པས་ཁོ་ཚོ་བཟུང་ནས་གླིང་ཕྲན་དེའི་བྲག་ཁུང་ཞིག་ཏུ་བཅུག          ཨའོ་ཏི་ཞིག་སིས་བློ་བག་ཕབ་ཞོར་གྱད་ཆེན་ཆང་གིས་བཟི་རུ་བཅུག་ནས་མེར་བསྒྲོན་པའི་ཤིང་དུམ་གྱིས་གྱད་ཆེན་དེའི་མིག་གཅིག་པུ་རྨས་ཏེ་ཕྱིར་ཐལ།         དེའི་རྗེས་ནས་ལྷ་མོ་ཁ་འར་ཁིས་ཁོ་རང་གླིང་ཕྲན་ཞིག་གི་སྟེང་དུ་བཀག་པ་ལས་གཞན་ཁོའི་གྲོགས་པོ་ཚང་མ་རྫུ་འཕྲུལ་ལ་བརྟེན་ནས་ཕག་ཏུ་བསྒྱུར།         ཁོ་རང་ད་དུང་བདུད་མོའི་བསླུ་གླུ་དང་བདུད་རྒན་ཁ་ལི་པི་ཏི་སི།        སི་ཁའོ་ལ་བཅས་ལས་ཐར་ཏེ་དཀའ་ཐུབ་གང་མང་མྱངས་མཐར་ཕྱིར་ཕ་ཡུལ་དུ་འབྱོར།        དེ་དང་མཉམ་དུ་ཨའོ་ཏི་ཞིག་སིའི་ཆུང་མ་ཕའོ་ཉི་ལོ་ཕའོ་ཡིས་རང་ཡུལ་དུ་མིག་ཞར་རག་བར་དུ་བཟའ་ཟླར་སྒུག་ཡོད།        གཉིས་ཀའི་བུ་ཐེ་ལི་མ་ཁི་སི་ཡང་ནར་སོན་ཏེ་སྒོ་ཕྱི་རུ་གར་སོང་མི་ཤེས་པའི་ཨ་ཕ་བཙལ་དུ་ཕྱིན།         མི་ངན་གང་མང་ཞིག་གིས་ཨའོ་ཏི་ཞིག་སོ་ཤི་སོང་བར་བསམ་བཞིན་དེའི་རྒྱུ་ནོར་འཕྲོག་པར་ཨའོ་ཏི་ཞིག་སིའི་ཆུང་མ་ལ་གཉེན་བསླངས་གང་ཐུབ་བྱས་མོད།         མོས་དེ་དག་ཡོད་ཚད་ལ་ཁ་ཡ་མ་བྱས་པར་ཨའོ་ཏི་ཞིག་སི་ལ་སྒུག        ཨའོ་ཏི་ཞིག་སི་ཡང་ལོ་བཅུའི་རིང་ལ་ཕྱོགས་ཡར་མར་དུ་དཀའ་སྡུག་གང་མང་མྱངས་མྱངས་མཐར་ཕྱིར་རང་ཡུལ་ལ་གཞི་ནས་བསླེབས་ཐུབ་པ་བྱུང་།         ཁོ་རང་སྤྲང་པོ་ཞིག་ཏུ་བརྫུས་ནས་རྒྱལ་པོའི་ཕོ་བྲང་དུ་སོང་སྟེ་བུ་དང་མཉམ་དུ་གཉེན་སློང་མཁན་ཡོད་ཚད་ལྔ་ལམ་དུ་བརྫངས་པར་མ་ཟད།       དེ་དག་ལ་རོགས་བྱེད་མཁན་གྱི་གཡོག་པོ་ཡང་གཅིག་ཀྱང་ལུས་སུ་མ་བཅུག་པར་བསད།          མཐར་ཁྱིམ་གང་བོ་གཞིས་བྱེས་ལྷན་འཛོགས་བྱུང་ཞིང་ཨའོ་ཏི་ཞིག་སི་ཡང་བསྐྱར་རྒྱལ་སར་འཁོད་དེ་འབངས་ཡོངས་ལ་བདེ་སྐྱིད་ཀྱི་དྲོད་ཁོལ་བསྩལ་ཏོ།  །

4 དཔྱད་བརྗོད།

ཧོ་མས་ཀེ་རི་སེ་ཡོངས་སྐྱེད་སྲིང་བྱས།       

—པོ་ལ་ཐུའི《སྙན་དངགས》ལས།