ཧྲ་ཧྲི་པི་ཡའི་གསུང་འབུམ།སྔ་མའི་པར་གཞི་དེ གཡང་སྒྲོལ་མ།  ནས 2015-09-07 11:11ལ་འགྲུབ།

ཧྲ་ཧྲི་པི་ཡའི་གསུང་འབུམ།

ཧྲ་ཧྲི་པི་ཡའི་གསུང་འབུམ།
ཧྲ་ཧྲི་པི་ཡ་ནི་ཡོ་རོབ་གླིང་རིག་རྩལ་བསྐྱར་དར་སྐབས་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་འགྲན་ཡ་མེད་པའི་འཐུས་ཚབ་པ་ཡིན། ཁོང་གིས་སྒྲུབ་བཞེང་བྱས་པའི་འཁྲབ་གཞུང་ཁྲོད་ཀྱི་མི་སྣའི་སྣང་བརྙན་ནི་གསོན་ཉམས་ལྡན་ཞིང་རེ་རེར་ཐུན་མོང་མ་ཡིན་པའི་རང་གཤིས་ལྡན་པ་ལས་གཞན་བྱུང་རིམ་གྱིས་མི་སེམས་འགུག་ཅིང་ཡིད་དབང་འཕྲོག་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
莎士比亚全集
ཕྱི་ཡིག་གི་མིང་།
Shakespeare's collected works
རྩོམ་པ་པོ།
ཧྲ་ཧྲི་པི་ཡ།
1 རྩོམ་པ་པོ་ངོ་སྤྲོད།

ཧྲ་ཧྲི་པི་ཡ(1564ལོ་ནས1616ལོའི་བར)ནི་དུས་རབས་བཅུ་དྲུག་པའི་མཇུག་དང་དུས་རབས་བཅུ་བདུན་པའི་མགོར་དབྱིན་ཇིའི་རྩོམ་པ་པོ་ཀུན་གྱི་ཏོག་ཏུ་གྱུར་འདུག་པར་མ་ཟད།       ཡོ་རོབ་གླིང་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་མི་ཆོས་རིང་ལུགས་རྩོམ་རིག་ཀུན་འདུས་ཀྱི་བདག་པོ་ལྟ་བུ་ཡིན།          ད་ལྟ་ཡོད་པའི་བརྩམས་ཆོས་ལ་ཟློས་གར་འཁྲབ་གཞུང་སོ་བདུན་དང་སྙན་ངག་རྐང་བཅུ་བཞི་མ་བརྒྱ་དང་ཞེ་ལྔ།       སྙན་ངག་རིང་གྲས་གཉིས་བཅས་བཞུགས་སོ།  །

ཧྲ་ཧྲི་པི་ཡ་ནི་དབྱིན་ཀི་ལན་གྱི་གྲོང་རྡལ་ཆུང་ཆུང་ཞིག་ཏུ་སྐུ་འཁྲུངས།      ལོ་ན་གཞོན་དུས་ཁྱིམ་ཚང་ཉམས་རྒུད་དུ་གྱུར་ནས་སློབ་གྲྭ་འགྲིམ་མཚམས་ཆད།         ནར་སོན་རྗེས་ལོན་ཏོན་དུ་བྱ་བ་གཉེར་དུ་ཆས།         སྐབས་དེ་དག་ཏུ་ཟློས་གར་ཁང་གི་གད་དར་བ།       འཁྲབ་སྟོན་པ།       ཟློས་གར་འཁྲབ་གཞུང་རྩོམ་སྒྲིག་པ་སོགས་ཀྱི་ལས་ཀ་རིམ་པ་བཞིན་དུ་གཉེར།        མཐར་རང་གི་བརྩོན་པར་བརྟེན་ནས་འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་གསུབ་ཐབས་མེད་པའི་མཛད་རྗེས་བཞག

ཧྲ་ཧྲི་པི་ཡའི་ཟློས་གར་འཁྲབ་གཞུང་དེ་བརྩམས་པའི་དུས་དང་བསམ་བློ།       སྒྱུ་རྩལ་ཁྱད་ཆོས་ཀྱི་འཕེལ་སྟངས་ལྟར་ན་ཐོག་འོག་བར་གསུམ་དུ་བགོས་ཆོག        ཐོག་མའི་དུས་ནི1590ལོ་ནས1600ལོའི་བར་ཏེ།         དུས་སྐབས་དེ་ནི་ཧྲ་ཧྲི་པི་ཡའི་མི་ཆོས་རིང་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་དང་གསར་རྩོམ་གྱི་རང་གཤིས་གྲུབ་པའི་དུས་ཡིན།      གསར་རྩོམ་སྤྱིའི་སེམས་འགྱུ་ནི་སྤྲོ་བས་བཏེགས་འདུག་པ་ཞིག་གོ །      དུས་སྐབས་དེར་བརྩམས་ཤིང་ཀུན་ལ་ཆ་ཡོད་དུ་གྱུར་འདུག་པ་ནི《ལི་ཕྲ་སྐུ་རབས་གསུམ་པ》དང《ལོ་མུས་འུག་དང་ཀྲའོ་ལེ་ཡུ》《བེ་ཉི་སེའི་ཚོང་པ》སོགས་ཡིན།       གསར་རྩོམ་བར་མའི་དུས་ནི1601ལོ་ནས1607ལོའི་བར་ཡིན།          སྐབས་ཐོག་དེར་དངོས་ཡོད་ཀྱི་འཚོ་བར་ཡིད་ཆད་པས་གསར་རྩོམ་གྱི་ཁྱད་ཆོས་དེའང་སྐྱོ་སེམས་དང་ཁོང་ཁྲོའི་སེམས་བྱུང་གིས་དྲངས་དྲགས་འདུག           གསར་རྩོམ་བྱས་པའི་སྐྱོ་གར་གྱི་རིགས་ངན་མཚང་ཐེར་འདོན་དང་སྤྱི་ཚོགས་ཀྱི་ནག་ཉེས་སྣ་ཚོགས་སོགས་ལ་དགག་རྒྱག་བྱེད་པར་གཞོལ་བ་ཤུགས་ཆེ།          སྐབས་དེར་འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་ཀ་ལྟར་བསླངས་པའི་སྐྱོ་གར་ཆེན་པོ་བཞི་བརྩམས།       དེ་དག་ནི《ཧ་མི་ལེ་ཐེ》དང《ཨོ་སད་ལོ》《ལི་ཨར་བང》《མད་ཁི་ཕེ་སི》བཅས་ཡིན།        མཐའ་མའི་དུས་སྐབས་ནི1608ལོ་ནས1613ལོའི་བར་ཡིན།       ཧྲ་ཧྲི་པི་ཡས་རང་སེམས་ཀྱི་མི་ཆོས་རིང་ལུགས་ཀྱི་ཕུག་བསམ་དེ་སྟོང་སེམས་སུ་སྒོམ་པས་རང་ཡུལ་དུ་ཕེབས་ནས་མཚམས་པ་བའི་ཚུལ་མཛད་དེ་འཆར་ཡན་རིང་ལུགས་ཀྱི་ཟློས་གར་འཁྲབ་གཞུང་རྩོམ་པའི་དབུ་བསླངས།        སྐབས་དེའི་བརྩམས་ཆོས་ཁྲོད་སྟོང་བསམ་རིང་ལུགས་ཀྱི་ཆ་འདྲེས་པ་ཤིན་ཏུ་མངོན་གསལ་ཡིན།       བརྩམས་ཆོས་གཙོ་བོ《ཞིན་པེ་ལིན》དང《དགུན་དུས་ཀྱི་གཏམ་རྒྱུད》《དྲག་ཆར་རླུང་རྩུབ》སོགས་ཡོད།

གསོན་ཉམས་ལྡན་པའི་བྱུང་རིམ་དང་ཕུན་སུམ་ཚོགས་པའི་ཚིག་སྦྱོར།       འཐུས་ཚབ་ཏུ་རུང་བའི་བརྗོད་གཞི།        རང་གཤིས་གསལ་བའི་མི་སྣ་སོགས་ཀྱིས་ཧྲ་ཧྲི་པི་ཡའི་ཟློས་གར་འཁྲབ་གཞུང་གི་སྒྱུ་རྩལ་ཁྱད་ཆོས་དེ་ཆེས་ཆེར་འབུར་དུ་དོད་ཡོད།         ཧྲ་ཧྲི་པི་ཡའི་ཟློས་གར་འཁྲབ་གཞུང་གིས་ཕྱིས་ཀྱི་རྩོམ་པ་པོ་རྣམས་ལ་ཤན་ཤུགས་ཟབ་མོ་ཐེབས་ཤིང་འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་དུའང་གོ་གནས་གལ་ཆེན་ཟིན་ཡོད།

2 རྒྱབ་ལྗོངས་ངོ་སྤྲོད།

ཧྲ་ཧྲི་པི་ཡ་ནི་ཡོ་རོབ་གླིང་རིག་རྩལ་བསྐྱར་དར་སྐབས་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་འགྲན་ཡ་མེད་པའི་འཐུས་ཚབ་པ་ཡིན།       ཁོང་གིས་སྒྲུབ་བཞེང་བྱས་པའི་འཁྲབ་གཞུང་ཁྲོད་ཀྱི་མི་སྣའི་སྣང་བརྙན་ནི་གསོན་ཉམས་ལྡན་ཞིང་རེ་རེར་ཐུན་མོང་མ་ཡིན་པའི་རང་གཤིས་ལྡན་པ་ལས་གཞན་བྱུང་རིམ་གྱིས་མི་སེམས་འགུག་ཅིང་ཡིད་དབང་འཕྲོག་པ་ཞིག་ཡིན།          ད་རག་བར་ཁོང་གིས་བརྩམས་པའི་འཁྲབ་གཞུང་འཁྲབ་སྟོན་བྱེད་པ་ཡིན་ཚེ་ལྟ་མཁན་རྣམས་ནི་ཤྭ་འོད་བཞིན་ཟློས་གར་ཁང་དུ་འཚང་ནས་ཡོང་བ་རེད།        འདི་ལས་གཞན་ཧྲ་ཧྲི་པི་ཡ་ནི་ཕུལ་དུ་བྱུང་བའི་སྐད་བརྡའི་མཁན་པོ་ཞིག་ཀྱང་ཡིན།        ཁོང་གི་སྐད་བརྡར་ཕལ་སྐད་ཀྱི་ཉམས་མངའ་ཞིང་ལྷུག་རྩོམ་ལྟར་ཟོར་ཡངས་ལ།       སྙན་ངག་ལྟར་སྙན་ཞིང་འཇེབས་པ་ཞིག་ཡིན།        འདི་ལྟ་བུའི་སྐད་བརྡའི་ཁྲོད་གཏིང་མི་ལོན་པའི་གནས་ལུགས་ཀྱིས་ཕྱུག་འདུག་པ་ཞིག་ཀྱང་ཡིན།       ཧྲ་ཧྲི་པི་ཡས་དབྱིན་ཡིག་ཁོ་ནར་བརྟེན་ནས་གསར་རྩོམ་བྱེད་མོད།          འོན་ཀྱང་འཛམ་གླིང་སྟེང་རྒྱལ་ཁབ་གང་མང་ཞིག་ཏུ་ཁོང་གི་འཁྲུབ་གཞུང་འཁྲབ་སྟོན་བྱེད་བཞིན་ཡོད།          ཁོང་གི་འཁྲབ་གཞུང་མ་གདན་བྱས་ནས་ཕབ་སྒྱུར་བྱས་པའི་གློག་བརྙན་དྲུག་བརྒྱ་ལྷག་ཡོད།        ང་ཚོས་འདི་ལས་ཀྱང་ཁོང་གིས་འཇིག་རྟེན་འདིར་ཤན་ཤུགས་ག་འདྲ་ཞིག་བཞག་ཡོད་པ་ཤེས་ཐུབ།

3 ནང་དོན་གནད་བསྡུས།

ཧྲ་ཧྲི་པི་ཡའི་ཟློས་གར་འཁྲབ་གཞུང་ལ་བརྗོད་བྱ་ལྟར་དབྱེ་ན་ལོ་རྒྱུས་ཟློས་གར་འཁྲབ་གཞུང་།       སྤྲོ་གར།        སྐྱོ་གར་བཅས་རིགས་གསུམ་དུ་བཀར་ཆོག

གཤམ་ནས་ཁོང་གི་མིང་དུ་གྲགས་པའི་འཐུས་ཚབ་བརྩམས་ཆོས་འགའ་མཚམས་སྦྱོར་བྱེད་པ་ལ།

《ཧིན་ལི་སྐུ་རབས་བཞི་བ》ནི་ཧྲ་ཧྲི་པི་ཡའི་ཆེས་འཐུས་ཚབ་ཏུ་རུང་བའི་ལོ་རྒྱུས་ཟློས་གར་འཁྲབ་གཞུང་ཡིན།         དབྱིན་ཇིའི་རྒྱལ་པོ་ཧིན་ལི་སྐུ་རབས་བཞི་བའི་སྲས་ཧ་ཨར་ཞེས་པས་ཁ་མིག་ཡར་ལྟ་མི་བྱེད་པར་རྟ་པ་རྐྱལ་སྟོང་ཞིག་དང་འགྲོགས་པར་མ་ཟད།        ས་དེའི་ཁྲམ་པའི་མགོ་གཙོ་ཧྥི་སི་ཐ་ཧྥི་དང་འབྲེལ་འདྲིས་ངང་རྐུན་ཇག་པྲ་འཆལ་གྱི་ལས་ཏག་ཏག་བྱས།          ཧིན་ལི་སྐུ་རབས་བཞི་བས་དམག་སྣ་དྲངས་ཏེ་ཕྱི་རོལ་པར་དཔུང་འཇུག་བྱེད་གྲབས་ཡོད་སྐབས།       རྒྱལ་ཁབ་ནང་འཁྲུགས་ཏེ་བློན་ཆེན་ཧི་ཚི་པོ་གཙོར་བྱས་ངོ་ལོག་བྱེད་བརྩི་བྱས།        ཚུལ་དེ་མཐོང་སྟེ་རྒྱལ་སྲས་ཧ་ཨར་གྱིས་སྔར་བྱས་ལ་གཏིང་ནས་འགྱོད་བཞིན་དམག་སྣ་དྲངས་ཏེ་ཧི་ཚི་པོ་ཆམ་ལ་ཕབ་ཏུ་ཆས།         ཧྥི་ཆི་ཐ་ཧྥིས་ཀྱང་ཁོར་བསྡོངས་གྲོགས་མཛད་ནས་སོང་མོད།       འོན་ཀྱང་དེ་ནི་སྡར་མ་ཞིག་ཡིན་བཞིན་དུ་ངན་པས་རང་བསྟོད་བྱེད་རྒྱུར་དགའ་བས་གཞན་གྱིས་འཕྱ་བྱེད་དུ་གྱུར་པའི་དོན་དག་མང་བོ་ཞིག་བཟོས།       རྒྱལ་སྲས་ཧ་ཨར་འཐབ་འཁྲུག་ཁྲོད་དཔའ་ཞིང་མཛངས་པས་རང་གི་ཡབ་ཆེན་བསྐྱབས་པ་ལས་གཞན་ངོ་ལོག་པ་ཧི་ཚི་པོ་ཡང་ལྔ་ལམ་དུ་བརྫངས།       རྐྱེན་དེས་ཧི་ཚི་པོའི་ཡབ་ཀྱིས་རང་གི་བུར་རོ་སྐྱིན་ལེན་པར་སླར་ཡང་གྱེན་ལོན་བྱས།       སྐབས་དེར་ཧིན་ལི་སྐུ་རབས་བཞི་བ་གཟིམས་ཁྲིའི་མཐའ་ཅན་དུ་ལྷུང་མོད།      རྒྱལ་སྲས་ཧ་ཨར་གྱིས་ཡང་བསྐྱར་གྱེན་ལོག་དེ་ཞི་འཇགས་སུ་བཏང་།        ཧིན་ལི་སྐུ་རབས་བཞི་བ་འདས་རྗེས་རྒྱལ་སྲས་ཧ་ཨར་སྲིད་ཁྲིར་འཁོད་པ་དང་ཧིན་ལི་སྐུ་རབས་ལྔ་བར་གྱུར།         རྒྱལ་པོ་ཧ་ཨར་གྱིས་སྔར་བྱས་ལ་འགྱོད་བཤགས་སྒོས་བཙན་པོ་མགོ་ནས་གནོན་མཁན་དང་གཉོམ་ཆུང་མཐའ་ནས་སྐྱོར་བའི་མི་རྗེ་ཞིག་བྱེད་པར་རང་སེམས་སུ་དམ་བཅས་སོ།  །

《བེ་ཉི་སེའི་ཚོང་པ》ནི་ཧྲ་ཧྲི་པི་ཡའི་སྤྲོ་གར་གྱི་འཐུས་ཚབ་བརྩམས་ཆོས་ཡིན།      བེ་ཉི་སེའི་ཚོང་པ་ཨན་ཏུན་ཉི་འོད་ཀྱི་གྲོགས་པོ་པ་ས་ཉི་འོད་ཀྱིས་མཛེས་མ་པོ་ཞི་ཡར་དུངས་ཀྱང་རང་ཉིད་ལག་སྟོང་མཆན་སྟོང་ཅན་ཞིག་ཡིན་པས་བག་མར་སློང་ཐབས་བྲལ་སོང་།        གྲོགས་པོར་རོགས་བྱེད་པར་ཨན་ཏུན་ཉི་འོད་ཀྱིས་ཁེ་ལོག་ལེན་བཞིན་པའི་ཡུག་ཐེ་པ་ཞ་ལོ་ཁུའི་ལག་ནས་སྒོར་མོ་ཞིག་བསྐྱིས།        ཞ་ལོ་ཁུ་ལ་སྔར་ཨན་ཏུན་ཉི་འོད་ཀྱིས་མཚང་བྲུས་མྱོང་བས།         ད་ཐེངས་ཁོས་བབ་འདིར་བསྟུན་ནས་སྐྱིན་པ་ཞིག་ལེན་དགོས་སྙམ་སྟེ་ཕྱིས་སུ་དུས་ལྟར་སྐྱིན་ཚབ་སྤྲོད་མ་ཐུབ་ན་ཨན་ཏུན་ཉི་འོད་ཀྱི་ལུས་སྟེང་ནས་ཤ་རྒྱ་མ་གང་བཅད་ནས་དོད་དུ་བྱེད་དགོས་པའི་ཆ་རྐྱེན་ངམ་གནག་ཅིག་བཏོན།         པ་ས་ཉི་འོད་ཀྱང་ཡིད་བཞིན་དུ་པོ་ཞི་ཡ་དང་ལྷན་དུ་འཚོ་བ་རོལ་བའི་སྐལ་བ་ཐོབ།       ལས་མ་དྲང་བྱ་རྡོ་ལམ་ཐུག་ཅེས་པའི་དཔེ་ལྟར་ཨན་ཏུན་ཉི་འོད་ཀྱི་ཚོང་སྐྱེལ་གྲུ་གཟིངས་ལ་ཆག་སྒོ་བྱུང་སྟེ་སྐྱིན་ཚབ་དུས་ལྟར་སྤྲོད་མ་ཐུབ་པས་ཞ་ལོ་ཁུས་ཡིན་གཅིག་མིན་གཉིས་བཤད་མཚམས་ལྟར་ཨན་ཏུན་ཉི་འོད་ཀྱི་ལུས་སྟེང་ནས་ཤ་རྒྱ་མ་གང་འདྲ་དགོས་ཟེར།       སྤྱང་གྲུང་ལྡན་པའི་པོ་ཞི་ཡས་དོན་དག་དེ་ཤེས་རྗེས་ཁྲིམས་གཅོད་པ་ཞིག་ཏུ་བརྫུས་ནས་བེ་ཉི་སེ་རུ་ཡོང་།      མོས་ཐོག་མར་ཞ་ལོ་ཁུའི་འདོད་པ་དེར་མོས་པ་བྱུང་ཁུལ་བྱས།       དེ་ནས་ཞ་ལོ་ཁུ་ལ་ཨན་ཏུན་ཉི་འོད་ཀྱི་ལུས་སྟེང་དུ་ཤ་འདྲ་སྐབས་ཁྲག་ཐིགས་པ་གཅིག་ཀྱང་བཞུར་མི་ཆོག་ལ།        བཤད་མཚམས་ལྟར་ན་ཤ་རྒྱ་མ་གང་འདྲ་པ་ལས་ཁྲག་ཐིགས་པ་གཅིག་ཙམ་ཡང་བཞུར་ན་ཆོག་ཅེས་བཀོད་མེད་ཟེར།        མཐར་པོ་ཞི་ཡའི་རིག་པར་བརྟེན་ནས་ཨན་ཏུན་ཉི་འོད་ཀྱིས་སྐུ་ཚེགས་དེ་མྱང་མ་དགོས།

《ཧ་མི་ལེ་ཐེ》ཡིས་ཧྲ་ཧྲི་པི་ཡའི་སྐྱོ་གར་ཁྲོད་ཆེས་མཐོ་བའི་གོ་གནས་ཟིན་ཡོད།      ཟློས་གར་དེའི་བརྗོད་བྱ་ནི་ཏེན་མག་གི་རྒྱལ་སྲས་ཧ་མི་ལེ་ཐེར་གློ་བུར་བའི་དོན་རྐྱེན་རབ་དང་རིམ་པ་བྱུང་།          ཡབ་ཆེན་གློ་བུར་རྐྱེན་ལམ་དུ་སོང་ཞིང་ཨ་ཁུ་ཁའོ་ལོ་ཏེ་སིས་རྒྱལ་ས་ཕྲོགས།        ཡུམ་ཆེན་ཨ་ཁུའི་བཙུན་མོར་གྱུར།     དེ་དག་གིས་ཧ་མི་ལེ་ཐེ་ལ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་།         ཕྱིས་སུ་ཆགས་ཞེན་ཆེ་བའི་ཡབ་ཆེན་གྱི་རྣམ་ཤེས་ཀྱིས་ཨ་ཁུས་ཁོར་དུག་དྲངས་ཏེ་བཀྲོངས་པ་བཤད་པས་ཧ་མི་ལེ་ཐེས་ཤ་འཁོན་རྩོད་པར་དམ་བཅས་ནས་དགྲ་རྣམས་བསླུ་ཆེད་དུ་སྨྱོ་ཁུལ་བྱས།        ཧ་མི་ལེ་ཐེས་གོམ་གང་མདུན་སྤོས་སུ་བདེན་ཁ་བརྡར་བར་ཟློས་གར་ཚོགས་པ་ཞིག་ཕོ་བྲང་ནང་མངགས་ནས་མི་ངན་ཞིག་གིས་རང་གི་ཕུ་བོ་བསད་ནས་སྲུ་མོ་ཆུང་མར་བསུ་བའི་ཟློས་གར་ཞིག་འཁྲབ་སྟོན་བྱེད་དུ་བཅུག         ཁོའི་ཨ་མས་ཁོར་བཟོད་པ་སྒོམ་པ་ལས་དེ་ལྟར་མ་བྱེད་ཅེས་བཀག་ཀྱང་ཁོས་དང་ལེན་མ་བྱས།      ཁོང་ཁྲོ་ཆེན་པོའི་ཁྲོད་ཧ་མི་ལེ་ཐེས་མཛའ་མོ་ཨོ་ཧྥེ་ལི་ཡའི་ཕ་རྒན་ལ་རྒྱག་ཉེས་ཤོར་ནས་ལྔ་ལམ་དུ་བརྫངས།        གཡོ་སྒྱུ་ཆེ་བའི་ཁའོ་ལོ་ཏེ་སིས་རྐྱེན་དེར་བརྟེན་ནས་རེམ་པར་ཧ་མི་ལེ་ཐེ་དབྱིན་ཇི་རུ་གཞུང་ཚབ་པར་མངགས་མོད།          ལྐོག་ཏུ་སྲོག་ལེན་དགོས་པའི་བཀའ་བསྒོས་ཡོད་པ་ཧ་མི་ལེ་ཐེས་ཤེས་ཏེ་ལམ་བར་ནས་ཕྱིར་ཏེན་མག་ཏུ་བྲོས་བྱོལ་བྱས།         ཁོའི་མཛའ་མོའི་ཕུ་བོས་རང་གི་ཕའི་ཆེད་ཧ་མི་ལེ་ཐེ་ལ་རོ་སྐྱིན་ལེན་པར་བསླེབས་པ་ཁའོ་ལོ་ཏེ་སིས་གཡོ་ཇུས་བཤམས་ནས་ཁོ་གཉིས་ལ་དྲག་རྩལ་འགྲན་དུ་བཅུག         མཐར་ཧ་མི་ལེ་ཐེས་རང་གི་ཨ་ཁུ་ངན་པ་དེ་ཡང་གྲི་ཁར་དྲངས་མོད།       རང་ཡང་ཨ་མ་དང་མཉམ་དུ་དུག་ཕོག་སྟེ་ལྔ་ལམ་དུ་ཕྱིན་པ་དང་ཆབས་ཅིག       ཟློས་གར་ཡོངས་མཇུག་རྫོགས་པར་བྱས་ཡོད།

4 དཔྱད་བརྗོད།​

ཧྲ་ཧྲི་པི་ཡ་ནི་མིའི་རིགས་ཀྱི་ཆེས་རླབས་ཆེན་གྱི་མི་སྣ་ཁྲོད་ཀྱི་གཅིག་ཡིན།

—མར་ཁེ་སིས།

ཧྲ་ཧྲི་པི་ཡ་ཕྱོགས་གཉིས་ཀྱི་རྩེར་སོན་ཡོད་དེ།       ཁོང་ནི་ལྷའི་ཡུལ་ཁམས་ཤིག་ཡིན་ལ་ཚོང་རའི་ཁྲོད་ཀྱི་ཟློས་གར་ཁང་དུའང་གཏོགས།

—ཡུ་གོས།