ཐང་ཅི་ཧུ་ཏུ།སྔ་མའི་པར་གཞི་དེ གཡང་སྒྲོལ་མ།  ནས 2015-09-02 14:19ལ་འགྲུབ།

ཐང་ཅི་ཧུ་ཏུ།

ཐང་ཅི་ཧུ་ཏུ།
སད་བན་ཐེ་སིའི་མིང་དུ་གྲགས་པའི་འཐུས་ཚབ་བརྩམས་ཆོས་སྒྲུང་རིང《ཐང་ཅི་ཁི་ཏིག》དེས་དུས་རབས་བཅུ་དྲུག་དང་བཅུ་བདུན་པའི་སྟོད་དུ་ཉམས་རྒུད་དུ་བགྲོད་བཞིན་པའི་སི་ཕེན་རྒྱལ་ཁབ་ཀྱི་འགལ་བ་སྣ་མང་དཔྱིས་ཕྱིན་པར་ཕྱིར་མཚོན་བྱས་ཡོད་པར་མ་ཟད། སྐུ་དྲག་གྲལ་རིམ་གྱི་སྐྱུགས་བྲོ་བའི་འཚོ་བར་དགག་རྒྱག་ཚ་ནན་བརྒྱབ་པ་སོགས་སྐབས་དེའི་དངོས་ཡོད་འཚོ་བ་གཏིང་ཟབ་མོ་དང་རྒྱ་ཆེན་པོར་མཚོན་པ་དང་། མི་སྣ་སྒྲུབ་བཞེང་གི་ཁྱབ་ཆེའི་རང་བཞིན་སོགས་ཀྱི་སྟེང་ནས་རིམ་པ་གསར་བ་ཞིག་གི་གནས་སུ་བསླེབས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《唐吉坷德》
ཕྱི་ཡིག་གི་མིང་།
《Don Quixote》
རྩོམ་པ་པོ།
མུས་ཀེ་ཨར•ཏིག•སད་བན་ཐེ་སི•ས་བེ་ཏིག་ལ།
རྣམ་གྲངས།
ཉེན་མཆོང་།
1 རྩོམ་པ་པོ་ངོ་སྤྲོད།

《ཐང་ཅི་ཁི་ཏིག》 རྩོམ་མཁན་ཏེ་མུས་ཀེ་ཨར·ཏིག·སད་བན་ཐེ་སི·ས་བེ་ཏིག་ལ(1547ལོ་ནས1616ལོའི་བར)ནི་སི་ཕེན་གྱི་རླབས་ཆེ་བའི་རྩོམ་པ་པོ་དང་ཟློས་གར་འཁྲབ་གཞུང་རྩོམ་མཁན།          སྙན་ངག་པ་བཅས་ཡིན།         1547ལོའི་ཟླ10བའི་ནང་སི་ཕེན་གྱི་རྒྱལ་ས་མ་ཏེ་རིའི་འདབས་ཀྱི་ཕྱི་བཅོས་སྨན་པ་དབུལ་པོ་ཞིག་གི་ཁྱིམ་དུ་འཁྲུངས།           སད་བན་ཐེ་སི་ཆུང་དུས་ནས་ཡབ་ཀྱི་རྗེས་འབྲངས་ཏེ་གནས་ངེས་མེད་ཀྱི་འཚོ་བ་རོལ།         སློབ་འབྲིང་ཙམ་ལས་མཐར་མ་ཕྱིན་མོད།        འོན་ཀྱང་ཁོང་ཉིད་ཆུང་དུས་ནས་དཔེ་ཆར་གཟིགས་རྒྱུར་སྤྲོ་བས་གོ་སྐབས་ཡོད་ཚད་བེད་སྤྱད་ནས་གནའ་དེང་གི་རྩོམ་རིག་བརྩམས་ཆོས་གང་མང་བཀླགས།         1570ལོར་ཁོང་ཉིད་སི་ཕེན་དབྱི་ཐ་ལིར་སྡོད་པའི་དམག་དཔུང་གི་གྲས་སུ་ཞུགས་ཏེ་འཐབ་འཁྲུག་གང་མང་བརྒྱབ་འཐར།         1580ལོར་རྒྱལ་ཁའི་ངང་མཚོ་གྲུར་བསྡད་དེ་ཕྱིར་མེས་རྒྱལ་དུ་ལོག          ལམ་བར་དུ་ཨར་ཅི་རི་ཡ་པས་འཛིན་བཟུང་བྱས་ཏེ་ལོ་ལྔའི་རིང་ལ་བྲན་གཡོག་བྱས་ཤིང་ཕྱིས་སུ་ཕྱིར་བླུས་ཏེ་རྒྱལ་ནང་དུ་བསླེབས་མོད།          འོན་ཀྱང་འཚོ་གནས་ལ་ངེས་གཏན་བྲལ་བས་གནས་ངེས་མེད་དུ་ལྡོམ།         1587ལོར་སད་བེ་ལི་ཡ་རུ་གཞིས་ཆགས།      སྔ་གཞུག་ཏུ་གནས་དེའི་འབྲུ་རིགས་ཁྲལ་སྡུད་མཁན་དང་ཁྲལ་སྡུད་པའི་ལས་ཀ་གཉེར།        བར་སྐབས་དེར་ཁོང་རང་ལ་མ་ཉེས་ཁག་གཡོགས་ཐེབས་ཏེ་ཐེངས་གཉིས་ལ་བཙོན་འཇུག་བྱས།         1616ལོའི་ཟླ4བའི་ཚེས23ཉིན་ཚེ་ལས་འདས།         མི་ཚེ་གང་བོར་ཁོང་ཉིད་སྡུག་བསྔལ་གྱི་འོབས་སུ་བྱིང་བྱིང་ལ་བསྡད་ཡོད་ཀྱང་དུས་དང་རྣམ་པ་ཀུན་ཏུ་གཉའ་ཞུམ་པའི་ལོ་རྒྱུས་བྲལ།

སད་བན་ཐེ་སི་ཁོང་ནི1577ལོ་ནས་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་རྣམ་པ་མི་འདྲ་བའི་བརྩམས་ཆོས་དེ་དག་གིས་གནས་གང་མང་གི་ཐད་ནས་དུས་རབས་བཅུ་དྲུག་གི་སྐབས་ཀྱི་སི་ཕེན་རྒྱལ་ཁབ་ཉམས་རྒུད་དུ་འགྲོ་བཞིན་པའི་ཚུལ་དེ་གཏིང་ཟབ་མོར་ཕྱིར་མཚོན་བྱས་ཡོད།          བརྩམས་ཆོས་ཁྲོད་སྒྲུབ་བཞེང་བྱས་པའི་མཐོ་བ་སྐུ་དྲག་ནས་དམའ་བ་སྨད་འཚོང་མ་སོགས་རིམ་པ་སོ་སོའི་མི་སྣའི་སྣང་བརྙན་ཅི་རིགས་ཀྱིས་སི་ཕེན་བཀས་བཀོད་ལམ་ལུགས་ཀྱི་མུན་ནག་པའི་ཆ་དེ་མཚང་འབྱིན་བྱས་ཤིང་མི་ཆོས་རིང་ལུགས་ཀྱི་བསམ་བློ་དེ་ཁྱབ་བསྒྲགས་བྱས་ཡོད།         གསར་རྩོམ་གྱི་བསམ་བློ་ཐད་ཁོང་གིས་རྩོམ་མཁན་གྱི་རྟོག་པ་དང་དངོས་ཡོད་གཞི་གཅིག་ཏུ་སྦྲེལ་བ་དང་བརྩམས་ཆོས་ཁྲོད་མངོན་པའི་ཀུན་སྤྱོད་སློབ་གསོའི་ཆ་དེ་སྒྱུ་རྩལ་དང་འབྲེལ་དགོས་པར་དགོངས།        མིང་དུ་གྲགས་པའི་སྒྲུང་རིང《ཐང་ཅི་ཁི་ཏིག》ནི་ཁོང་གི་འཐུས་ཚབ་བརྩམས་ཆོས་ཡིན།         སྒྲུང་རིང་དེས་དུས་རབས་བཅུ་དྲུག་དང་བཅུ་བདུན་པའི་སྟོད་དུ་ཉམས་རྒུད་དུ་བགྲོད་བཞིན་པའི་སི་ཕེན་རྒྱལ་ཁབ་ཀྱི་འགལ་བ་སྣ་མང་དཔྱིས་ཕྱིན་པར་ཕྱིར་མཚོན་བྱས་ཡོད་པར་མ་ཟད།      སྐུ་དྲག་གྲལ་རིམ་གྱི་སྐྱུགས་བྲོ་བའི་འཚོ་བར་དགག་རྒྱག་ཚ་ནན་བརྒྱབ་པ་སོགས་སྐབས་དེའི་དངོས་ཡོད་འཚོ་བ་གཏིང་ཟབ་མོ་དང་རྒྱ་ཆེན་པོར་མཚོན་པ་དང་།       མི་སྣ་སྒྲུབ་བཞེང་གི་ཁྱབ་ཆེའི་རང་བཞིན་སོགས་ཀྱི་སྟེང་ནས་རིམ་པ་གསར་བ་ཞིག་གི་གནས་སུ་བསླེབས་ཡོད།        སད་བན་ཐེ་སིའི་བརྩམས་ཆོས་ལ་རྩོམ་པ་པོ་དང་དཔྱད་བརྗོད་པ་གྲགས་ཅན་གང་མང་གིས་གདེང་འཇོག་ཆེན་པོ་གནང་མྱོང་།        འཛམ་གླིང་གི་རྒྱལ་ཁབ་སོ་སོ་རུ་ཐེངས་སྟོང་ཕྲག་ལྷག་ལ་ཕབ་བསྒྱུར་བྱས་ཤིང་རྒྱལ་ཁབ་སོ་སོའི་ཀློག་མཁན་རྣམས་ལ་ཆ་རྒྱུས་ཡོད་ཅིང་དགའ་བསུ་ཐོབ་དང་འཐོབ་བཞིན་པའི་འཛམ་གླིང་རང་བཞིན་གྱི་རྩོམ་རིག་བརྩམས་ཆོས་ཡིན།

2 རྒྱབ་ལྗོངས་ངོ་སྤྲོད།

སད་བན་ཐེ་སིས《ཐང་ཅི་ཁི་ཏིག》གསར་རྩོམ་བྱེད་པའི་དམིགས་ཡུལ་ནི་སྤྱི་ཚོགས་སྟེང་དང་མང་ཚོགས་ཁྲོད་རྟ་པ་བརྗོད་བྱ་ཡིན་པའི་སྒྲུང་གཏམ་དེ་དག་གི་ཤུན་ཤུགས་སེལ་ཆེད་ཡིན་ཞེས་གསུངས་མྱོང་།           རྟ་པའི་ལམ་ལུགས་དང་རྟ་པའི་སྙིང་སྟོབས།        རྟ་པའི་ཀུན་སྤྱོད་ནི་ཡོ་རོབ་ནུབ་མའི་བཀས་བཀོད་ལམ་ལུགས་ལས་བྱུང་བ་ཞིག་ཡིན།         རྟ་པའི་རྩོམ་རིག་ཁྲོད་རྒྱལ་པོར་བློ་དཀར་ཞིང་གཉོམ་ཆུང་མཐའ་ནས་སྐྱོར་པའི་ཉེན་ཁ་རང་བཞིན་གྱི་འཚོ་བ་མཚོན་ཡོད།        མཐོ་རིམ་བུད་མེད་རྣམས་དགའ་བྱེད་དུ་རང་སྲོག་བློས་གཏོང་བའི་བསམ་བློ་ཡང་ལྡན།          དེ་དག་དངོས་ཡོད་འཚོ་བ་དང་འབྲེལ་མེད་དུ་གནས་ཤིང་སྤྱི་ཚོགས་ཁྲོད་ཤན་ཤུགས་ངན་པ་ཐེབས་ཡོད།       《ཐང་ཅི་ཁི་ཏིག》སྤྱི་ཚོགས་སྟེང་བཀྲམ་རྗེས་རྟ་པའི་སྒྲུང་གཏམ་དེ་སི་ཕེན་དུ་དགུན་དུས་ཀྱི་འབྲུག་སྒྲ་བཞིན་དུ་གྱུར།      རྩོམ་མཁན་གྱིས་སྒྲུང་རིང་འདིའི་ཁྲོད་ཀྱི་མི་སྣ་གཙོ་བོ་ཐང་ཅི་ཁི་ཏིག་ལ་མཉེས་གཤིན་གྱིས་ཟུར་ཟ་བྱས་ཡོད་པ་ལས་གཞན་སྙིང་རྗེ་ཡང་བསྒོམས་འདུག      མི་སྣ་འདིར་བྱུང་བའི་བར་ཆད་ཅི་རིགས་དང་སྦྲེལ་རྩོམ་མཁན་རང་གི་མི་ཆོས་རིང་ལུགས་ཀྱི་བསམ་བློ་དང་སི་ཕེན་གྱི་ཡ་ང་བའི་དངོས་ཡོད་གཉིས་བར་གྱི་འགལ་བའང་ཕྱིར་མཚོན་བྱས་ཡོད།         དོན་སྙིང་འདིའི་ཐད་ནས་བལྟས་ན་མི་སྣ་འདིར་སྐྱོ་གར་གྱི་རང་བཞིན་ཆེས་ཆེར་ལྡན་པ་ཞིག་ཡིན།       རྒྱལ་ཁབ་སོ་སོའི་ཀློག་མཁན་ཁྲོད་ཐང་ཅི་ཁི་ཏིག་ཅེས་པའི་མིང་འདི་སུས་ཀྱང་ཤེས་པར་མ་ཟད།         དེ་ནི་སྟོང་བསམ་ཅན་དང་གླེན་པ།        རང་ལྟ་མཆོག་འཛིན་གྱི་ཚབ་བྱེད་ཐ་སྙད་ཅིག་ཏུའང་གྱུར་ཡོད།

3 ནང་དོན་གནད་བསྡུས།

སྒྲུང་གཏམ་འདི་ལས་བརྗོད་པ་ནི་མིང་ལ་ཅི་ཧ་ཏ་ཞེས་དབུལ་པོ་མི་དྲག་གི་རྒྱུད་པ་ཅན་ཞིག་ཡོད་པ་དེར་རྟ་པའི་རྩོམ་རིག་གི་ངན་ཤུགས་ཐེབས་ཏེ་རྟ་པའི་སྤྱོད་སྟངས་ལྟར་ཁྲབ་རྨོག་རྙིང་བ་ཞིག་དང་རྟ་རྒན་གྱོང་ཐུ་ཞིག་འཁོར་གསུམ་དུ་སྒྲིག་ཁུལ་བྱས་ཏེ།        རང་གིས་རང་ལ་ཐང་ཅི་ཁི་ཏིག་ཅེས་པའི་མིང་ཞིག་བཏགས།          དེ་ནས་ཁྱིམ་མཚེས་སྡེ་བ་ན་ཕག་གསོ་མཁན་གྱི་བུ་མོ་ཞིག་ཡོད་པ་དེ་རང་གི་མཛའ་ན་མོར་སྒོམ།         ཕག་ཏུ་དེའི་མིང་ལ་ཏུའུ་ཨར་ཞི་ན་ཡ་ཞེས་སྐུ་དྲག་གི་མིང་ཞིག་བཏགས་ནས་མོའི་ཆེད་དུ་རང་གི་ཚེ་གང་བོ་བློས་གཏོང་བར་རྟོག་འཕྲུལ་བྱས།

ཐང་ཅི་ཁི་ཏིག་སྔ་གཞུག་ཐེངས་གསུམ་ལ་སྒོ་ཕྱི་རུ་བུད་ནས་རྒྱང་སྐྱོད་བྱས།         ཐེངས་དང་པོར་ཁོ་རང་མི་རྐྱང་རྟ་རྐྱང་སྒོས་རང་སེམས་སུ་མཁར་རྫོང་དུ་རློམ་པའི་མགྲོན་ཁང་ཞིག་ཏུ་ཡོང་ནས་སྦྱིན་བདག་ལ་རང་ཉིད་རྟ་པར་བསྐོ་བར་ཞུ་བ་བྱས།       དེ་རུ་དྲེལ་པ་འགའ་དང་རྒྱག་རེས་བྱས་མཐར་མགྲོན་ཁང་དེ་གའི་སྦྱིན་བདག་གིས་ཁོ་རང་རྟ་པར་བསྐོ་ཁུལ་བྱས།         རང་སེམས་ཀྱི་མཁར་རྫོང་དེ་དང་ཁ་གྱེས་ཏེ་སོང་བ་ན་ལམ་བར་དུ་ཟོག་རྫི་བྱིས་པ་ཞིག་གཞན་གྱིས་སྡོང་མགོར་བཏགས་ནས་ལྕག་གིས་འབྲབ་བཞིན་ཡོད་པ་དང་ཕྲད།      ཁོ་རང་དེ་མ་ཉིད་དུ་དེའི་སྟེང་མཆོངས་ནས་བྱིས་པ་ཐང་ལ་བླངས།       ཁོས་བྱིས་པ་དེ་རང་གིས་བསྐྱབ་ཐུབ་སོང་སྙམ་ནས་སྒྲོབ་ཉམས་དང་བཅས་ཕར་སོང་མ་ཐག      བདག་པོས་བྱིས་པ་དེ་ཕྱིར་བཟུང་ནས་གསོད་ལ་ཁད་ཅིག་ཏུ་བཏང་།         ཕྱིས་སུ་ཐང་ཅི་ཁི་ཏིག་ཚོང་པ་དྲུག་དང་ཕྲད།        ཁོའི་རྟོག་སྣང་ལ་དེ་དག་རྟ་པ་ཡིན་པར་བསྒོམས་ནས་དེ་དག་དང་འཐབ་པར་དེ་དག་གིས་ཁོ་རང་ཤ་ཉོག་རུས་ཉོག་ཏུ་བཏང་ཞིང་།        མཐར་ལམ་ཐུག་སེམས་བཟང་འགས་ཕྱིར་རང་ཡུལ་ལ་བསྐྱལ་ཐབས་བྱས།          དེ་ལྟར་རང་སྡུག་རང་གིས་ཉོས་ཀྱང་གཞན་གྱིས་བཀག་ཀྱང་མ་ཁོགས་པར་རང་སྡེ་ན་ཞིང་པ་དབུལ་པོ་སང་ཆིག·ཕན་ཧྲ་ཞེས་པ་ཞིག་ཡོད་པ་དེ་འཁོར་དུ་ཁྲིད་ནས་ཡང་བསྐྱར་སྒོ་ཕྱི་རུ་གླེན་རྟགས་སྟོན་དུ་ཆས།       

ཐེངས་དེར་ཐང་ཅི་ཁི་ཏིག་གིས་ཐང་ཁུད་ན་ཡོད་པའི་རླུང་འཁོར་ཆེན་པོ་དེ་ནི་ཁྲིམས་མེད་ལུགས་མེད་ཀྱི་མི་བོ་ཆེ་ཞིག་ཏུ་བསྒོམས་ནས་སང་ཆིག་གིས་ཇི་ལྟར་བཀག་ཀྱང་མ་ཁོགས་པར་མདུང་ཕྱར་ནས་སྟེང་དུ་མཆོངས་པ་ན།        འཁོར་བཞིན་པའི་རླུང་འཁོར་གྱི་འཁོར་ཤིང་གིས་ཁོ་རང་རྟ་ཐོག་ནས་སར་གཡུགས་ཏེ་འཇིག་རྟེན་འདིར་བཤད་ཡན་གཞན་ཞིག་བཟོས།         དེ་ནས་ཅང་མ་འགོར་བར་ཁོས་ཡང་བསྐྱར་ཡུལ་གཞན་སྙེག་བཞིན་པའི་ལྕམ་མོ་ཞིག་མཐོང་སྟེ་དེ་ནི་སྒྱུ་མ་མཁན་གྱིས་བསླུས་པའི་ཀོང་ཇོ།         ལུག་ཁྱུ་གཉིས་ཡོད་པ་ཁ་གཏད་དུ་གཡུལ་དུ་ཆས་གྲབས་ཡོད་པའི་དམག་དཔུང་དང་སྐྲ་བཞར་མཁན་གྱི་ཟངས་ཀྱི་ཀ་ཏོ་ར་དེ་རྨོག       རྐྱལ་བ་མི་བོ་ཆེ་རུ་རྟོག་པས་བཏེགས་པ་སོགས་མི་ལ་དགོད་ཁ་སློང་བྱེད་ཀྱི་གླེན་རྟགས་རེ་རེ་བཞིན་མུ་རུ་བསྟར།       སྡེ་བའི་ནང་གི་ཆོས་པ་དང་སྐྲ་བཞར་མཁན་གྱིས་ཐང་ཅི་ཁི་ཏིག་ལ་མགོ་གཡོགས་ནས་གཟེབ་དྲའི་ནང་བཅུག་སྟེ་ཡུལ་ལ་བསྐྱལ་ནས་ངལ་གསོ་རུ་བཅུག            ཐང་ཅི་ཁི་ཏིག་གི་ལུས་ཁམས་ཅུང་གསོས་ཡོད་རུང་ད་དུང་སྨྱ་སེ་སྨྱོ་སེར་འདུག            སྨྱོ་ནད་དྲག་ཏུ་འཇུག་ཆེད་ཁ་ལ་སི་ཁི་དང་ཆོས་པ་སོགས་ཀྱིས་བཀོད་པ་ཞིག་འཐེན།       ཁོ་ཚོས་ཐང་ཅི་ཁི་ཏིག་ཡང་བསྐྱར་རྟ་པའི་ཚུལ་དུ་སྒོ་ཕྱི་རུ་འགྲོ་བར་མོས་པ་བྱུང་ཁུལ་བྱས།

ཐང་ཅི་ཁི་ཏིག་དང་སང་ཆིག་གཉིས་ལན་གསུམ་པར་སྒོ་ཕྱིར་འགྲིམ་པའི་བརྒྱུད་རིམ་ཁྲོད།        བློ་ཡིད་ལས་འགོངས་པའི་ཉེན་ཁ་རབ་དང་རིམ་པ་ཞིག་ལ་ཕྲད།       སེང་གེར་འགྲན་སློང་བ་དང་ཁ་མ་ཆའོ་ཡི་གཉེན་སྟོན་དུ་ཞུགས་པ།          གསང་བ་ལྐོག་གྱུར་གྱི་མིང་ཐིག་སི་ནོ་སི་དོང་དུ་ཉེན་སྐྱོད་བྱེད་པ།         དཔོན་གཡོག་གཉིས་ཀར་སྐུ་དྲག་གི་ལྕམ་མོས་དམའ་འབེབ་བྱས་པ་སོགས།          མཐར་ཐང་ཅི་ཁི་ཏིག་ཟླ་དཀར་རྟ་པ་རུ་བརྫུས་པའི་ཁ་ལ་སི་ཁི་དང་ཕྲད་དེ་འཐབ་པ་ན་དེས་ཁོ་རང་ཕམ་པར་བརྒྱབ།       སྔར་མནའ་བསྐྱལ་ནས་དམ་བཅས་ཡོད་པ་ལྟར་ཕྱིར་ཕ་ཡུལ་དུ་ལོག་ནས་ངལ་གསོ་རྒྱུ་བྱས།        ཐང་ཅི་ཁི་ཏིག་རང་ཡུལ་དུ་བསླེབས་མ་ཐག་ཉལ་སར་ལྷུང་།     ཚེ་ཡི་འདུ་བྱེད་རྫོགས་ཁ་མར་ཁོ་ད་གཟོད་རྟོག་སྣང་དེ་དག་ལས་གྲོལ་ཞིང་རྟ་པའི་སྒྲུང་གཏམ་གྱི་ནག་ཉེས་ཐེར་འདོན་བྱས་པར་མ་ཟད།      རང་གི་ཚ་མོ་ཡང་རྟ་པའི་ཆུང་མ་བྱས་མི་ཆོག་པ་དང་དེ་ལས་འགལ་ན་ཁོའི་ཤུལ་ནོར་ཁབ་རྩེ་ཙམ་ཡང་རྒྱུན་འཛིན་བྱས་མི་ཆོག་ཅེས་ཁ་ཆེམས་བཞག་རྗེས་ཚེ་ལས་འདས་སོ།  །

4 དཔྱད་བརྗོད།

ངའི་སྣང་བ་ལ《ཐང་ཅི་ཁི་ཏིག》དང《ཧ་མི་ལེ་ཐེ》གཉིས་དུས་གཅིག་ལ་བྱུང་བ་འདིར་དོ་སྣང་བྱ་དགོས་སྙམ།        ཁྱབ་གཟུགས་འདི་གཉིས་ཀྱིས་འགྲོ་བ་མིའི་རིགས་ཀྱི་གདོད་གཤིས་སུ་མངའ་བའི་འགལ་ཟླར་སྣང་བའི་བག་ཆགས་ཀྱི་རང་གཤིས་དེ་ཕྱིར་ཕྱུང་ཡོད་ལ།        བག་ཆགས་དེ་གཉིས་ནི་འགྲོ་བ་མིའི་རིགས་ཀྱི་གདོད་གཤིས་དེ་ངོ་བོ་གང་དུ་འགྱུར་བྱེད་ཀྱི་སྲོག་ཤིང་ལྟ་བུ་རེད་བསམ།         ངའི་ཚོར་བ་ལ་མི་སུ་ཡིན་རུང་ཁྱབ་གཟུགས་འདི་གཉིས་ཀྱི་གཤིས་ཀའི་ཆ་རེ་རྒྱུད་ལ་ངེས་པར་དུ་ལྡན་ངེས།       ང་ཚོ་སུ་ཡིན་རུང་ཕལ་ཆེར་ཐང་ཅི་ཁི་ཏིག་དང་ཡང་ན་ཧ་མི་ལེ་ཐེའི་གཤིས་ཀ་དང་ཐག་ཉེ་རིང་གི་ཁྱད་པར་ཡོད་ཅིང་ཆ་ཙམ་ཡང་མི་འདྲེས་པ་ཞིག་མི་སྲིད་སྙམ་མོ།  །

—ཐི་གི་ཉེ་ཧྥི་ནས།