གཉེན་སྒྲིག་བཅའ་ཁྲིམས།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2015-09-09 09:46ལ་འགྲུབ།

གཉེན་སྒྲིག་བཅའ་ཁྲིམས།

གཉེན་སྒྲིག་བཅའ་ཁྲིམས།
1980ལོའི་ཟླ9ཚེས10ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་ཞིང་། 2001ལོའི་ཟླ4ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་བཞག་པ་གཞིར་བཟུང་ནས་དག་བཅོས་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国婚姻法
ཁྱབ་བསྒྲགས་ལས་ཁུངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་།
བསྒྲགས་ལོ།
1950ལོའི་ཟླ4བའི་ཚེས30ཉིན།
ཁོངས་གཏོགས་རིམ་པ།
རྒྱལ་ཡོངས་དམངས་ཆེན་ཁྲིམས་མཛོད།
བཅོས་ལོ།
2001ལོའི་ཟླ4བའི་ཚེས28ཉིན།
ཁྱབ་སྤེལ་ལས་ཁུངས།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
1 དག་བཅོས།

1950ལོའི་ཟླ4བའི་ཚེས30ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》ཁྱབ་བསྒྲགས་བྱས།

འདི་ནི་ཀྲུང་གོ་གསར་བའི་གཉེན་སྒྲིག་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་པ་ཐོག་དང་པོ་ཡིན་ལ། 1950ལོའི་ཟླ5བའི་ཚེས1ཉིན་ནས་ལག་ཏུ་བསྟར།

1980ལོའི་ཟླ9བའི་ཚེས10ཉིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》གསར་པར་གྲོས་འཆམ་བྱུང་། བཅའ་ཁྲིམས་གསར་བ་འདི་ཉིད1981ལོའི་ཟླ1པོའི་ཚེས1ཉིན་ནས་ལག་ཏུ་བསྟར།

2001ལོའི་སླ4བའི་ཚེས28ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་དགུ་བའི་གྲོས་ཚོགས་ཐེངས་ཉེར་གཅིག་པར《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་བཞག་པ་གཞིར་བཟུང་ནས་དག་བཅོས་བྱས་ཤིང་། ཉིན་དེར་ལག་ཏུ་བསྟར།

2 ནང་དོན།

980ལོའི་ཟླ9ཚེས10ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་པའི་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་།

2001ལོའི་ཟླ4ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་བཞག་པ་གཞིར་བཟུང་ནས་དག་བཅོས་བྱས།

2_1 ལེའུ་དང་པོ།   སྤྱིའི་དོན་ཚན།

དོན་ཚན་དང་པོ།  བཅའ་ཁྲིམས་འདི་ནི་གཉེན་སྒྲིག་དང་ཁྱིམ་མིའི་འབྲེལ་བའི་སྐོར་གྱི་གཞི་རྩའི་ཚད་འཛིན་ཡིན།

དོན་ཚན་གཉིས་པ། གཉེན་སྒྲིག་རང་མོས་དང་། ཁྱོ་ཤུག་ཆ་རེ། སྐྱེས་པ་དང་བུད་མེད་འདྲ་མཉམ་བཅས་བྱེད་པའི་གཉེན་སྒྲིག་གི་ལམ་སྲོལ་ལག་བསྟར་བྱ་རྒྱུ་དང་། བུད་མེད། བྱིས་པ། རྒན་རྒོན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ།

འཆར་ལྡན་བུ་བཙའི་ལམ་ལུགས་ལག་ལེན་བསྟར་རྒྱུ།

དོན་ཚན་གསུམ་པ།  བཙན་ཤེད་ཀྱི་གཉེན་སྒྲིག་དང་ཉོ་ཚོང་གི་གཉེན་སྒྲིག  གཉེན་སྒྲིག་རང་མོས་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གཞན་དག་བཅས་ལ་བཀག་སྡོམ་བྱ་རྒྱུ། གཉེན་སྒྲིག་ལ་ཁག་བཞག་ནས་རྒྱུ་ནོར་ཧམ་ལེན་བྱེད་རིགས་ལ་བཀག་སྡོམ་བྱ་རྒྱུ།

བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་མི་ཆོག བཟའ་ཟླ་ཡོད་བཞིན་དུ་གཞན་དང་འགབ་མཐུན་མཉམ་སྡོད་བྱས་མི་ཆོག ཁྱིམ་མིར་གཏུམ་སྤྱོད་ཀྱིས་ཉེས་རྡུང་བཏང་མི་ཆོག ཁྱིམ་མི་ཕན་ཚུན་མནར་གཅོད་དང་དོར་རིགས་བྱས་མི་ཆོག

དོན་ཚན་བཞི་བ།  ཁྱོ་ཤུག་ཕན་ཚུན་བློ་དཀར་བ་དང་།ཕན་ཚུན་བརྩི་འཇོག་བྱ་དགོས།ཁྱིམ་མི་ཕན་ཚུན་རྒན་བཀུར་གཞོན་གཅེས་དང་།ཕན་ཚུན་རོགས་རམ་བྱས་ཏེ་འདྲ་མཉམ་དང་།འཆམ་མཐུན།ཡ་རབས་ཚུལ་ལྡན་བཅས་ཀྱིས་གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་སྲུུང་སྐྱོབ་བྱེད་དགོས།

2_2 ལེའུ་གཉིས་པ། གཉེན་སྒྲིག་གི་སྐོར།

དོན་ཚན་ལྔ་བ། གཉེན་སྒྲིག་བྱེད་སྐབས་སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀ་ཅིས་ཀྱང་རང་མོས་ཡིན་དགོས་པ་ལས། སུས་ཀྱང་ཅིག་ཤོས་ལ་བཙན་ཤེད་བྱས་མི་ཆོག་ལ་མི་གཞན་པས་ཐེ་གཏོགས་ཀྱང་བྱས་མི་ཆོག

དོན་ཚན་དྲུག་པ།  གཉེན་སྒྲིག་ལོ་ཚད་སྐྱེས་པ་རང་ལོ་ཉེར་གཉིས་དང་བུད་མེད་རང་ལོ་ཉི་ཤུར་ལ་མ་སོན་བར་དུ་གཉེན་སྒྲིག་བྱས་མི་ཆོག གཉེན་སྒྲིག་ཕྱི་པོ་བྱས་པ་དང་ཕྲུ་གུ་ཕྱི་པོ་སྐྱེས་རིགས་ལ་བསྔགས་བསྐུལ་བྱ་དགོས།

དོན་ཚན་བདུན་པ།  གཤམ་གསལ་གྱི་གནས་ཚུལ་ཡོད་པའི་རིགས་གཉེན་སྒྲིག་བྱས་མི་ཆོག

(གཅིག) ཤ་རུས་གཅིག་པའི་གཉེན་ཚན་དང་མི་རབས་གསུམ་ནང་ཚན་གྱི་རྒྱུད་འབྲེལ་གཉེན་ཚན་ཡིན་པ་དང་།

(གཉིས)  གསོ་རིག་ཐོག་གཉེན་སྒྲིག་བྱེད་མི་རུང་བར་འདོད་པའི་ནད་ཕོག་མཁན།

དོན་ཚན་བརྒྱད་པ།  གཉེན་སྒྲིག་བྱ་རྒྱའི་རེ་འདུན་མཁན་སྐྱེས་པ་དང་བུད་མེད་གཉིས་ཀ་ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ངོ་བསྐྱོད་ཀྱིས་དངོས་སུ་གཉེན་སྒྲིག་བྱ་རྒྱུའི་ཐོ་འགོད་བྱེད་དགོས། བཅའ་ཁྲིམས་འདིའི་གཏན་འབེབས་དང་མཐུན་པ་རྣམས་ལ་ཐོ་འགོད་བྱེད་དུ་བཅུག་ནས་གཉེན་སྒྲིག་གི་ལག་ཁྱེར་སྤྲོད་རྒྱུ། གཉེན་སྒྲིག་གི་ལག་ཁྱེར་ཐོབ་པ་ནས་བཟུང་ཁྱོ་ཤུག་གི་འབྲེལ་བ་ཚུགས་པ་ཡིན། གཉེན་སྒྲིག་ཐོ་འགོད་འགྲོ་ལུགས་འགྲིམས་མེད་ན། ཐོ་འགོད་འགྲོ་ལུགས་གསབ་འགྲིམས་བྱ་དགོས།

དོན་ཚན་དགུ་བ།  གཉེན་སྒྲིག་ཐོ་འགོད་བྱས་རྗེས་སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀྱིས་ཁ་ཆད་བྱས་པ་ཇི་བཞིན་བུད་མེད་དེ་སྐྱེས་པའི་ཕྱོགས་ཀྱི་ཁྱིམ་མི་བྱས་ཆོག་ལ་སྐྱེས་པའང་བུད་མེད་ཕྱོགས་ཀྱི་ཁྱིམ་མི་བྱས་ཆོག

དོན་ཚན་བཅུ་བ། གཤམ་གསལ་གྱི་གནས་ཚུལ་ཡོད་ན་གཉེན་སྒྲིག་རྩིས་འགྲོ་མེད་པ་སྟེ།

(གཅིག )  བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་པའི་རིགས།

(གཉིས ) གཉེན་སྒྲིག་བྱས་མི་ཆོག་པའི་གཉེན་ཚན་ཀྱི་འབྲེལ་བ་ཡོད་པའི་གྲས།

(གསུམ) གཉེན་སྒྲིག་མ་བྱས་གོང་གསོ་རིག་ཐོག་གཉེན་སྒྲིག་བྱེད་མི་རུང་བར་འདོད་པའི་ནད་ཕོག་པ་དང་། གཉེན་སྒྲིག་བྱས་པའི་རྗེས་ལའང་དྲག་སྐྱེད་མ་བྱུང་པའི་གྲས།

(བཞི)  ཁྲིམས་བཀོད་ཀྱི་གཉེན་སྒྲིག་ལོ་ཚོད་ལ་མ་ལོན་པའི་གྲས་བཅས་ཡིན།

དོན་ཚན་བཅུ་གཅིག་པ། བཙན་ཤེད་ལ་མ་བཟོད་པར་གཉེན་སྒྲིག་བྱས་པ་ཡིན་ན། བཙན་ཤེད་མྱོང་མཁན་ཕྱོགས་ཀྱིས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སམ་མི་དམངས་ཁྲིམས་ཁང་ལ་གཉན་སྒྲིག་དེ་ཉིད་ཕྱིར་འཐེན་བྱ་རྒྱའི་རེ་འདུན་ཞུས་ཆོག བཙན་ཤེད་མྱོང་མཁན་ཕྱོགས་ནས་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་པའི་རིགས། གཉེན་སྒྲིག་ཐོ་འགོད་བྱེད་ཉིན་ནས་ལོ་གཅིག་གི་ནང་ཚུན་དུ་ཞུ་དགོས། མི་ལུས་ཀྱི་རང་དབང་ལ་ཁྲིམས་འགལ་གྱི་ཚོད་འཛིན་ཕོག་མཁན་དོ་བདག་གིས་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་རིགས། མི་ལུས་ཀྱི་རང་དབང་སླར་གསོ་བྱུང་ཉིན་ནས་ལོ་གཅིག་གི་ནང་ཚན་དུ་ཞུ་དགོས།

དོན་ཚན་བཅུ་གཉིས་པ། གཉེན་སྒྲིག་རྩིས་འགྲོ་མེད་པའམ་ཕྱིར་འཐེན་བྱས་རིགས་ནི་ཐོག་མ་ཉིད་ནས་རྩིས་འགྲོ་མེད། དོ་བདག་ལ་ཁྱོ་ཤུག་གི་ཁེ་དབང་དང་འོས་འགན་མེད། འགབ་མཐུན་མཉམ་སྡོད་བྱེད་རིང་པའི་རྒྱུ་ནོར་ནི་དོ་བདག་གཉིས་ཀས་གྲོས་མོལ་གྱིས་ཐག་གཅོད་རྒྱུ། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་བྱས་འཛོལ་མེད་མཁན་ཕྱོགས་ལ་ལྟ་རྟོག་བྱེད་པའི་རྩ་དོན་ལ་གཞིགས་ནས་དཔྱད་མཚམས་གཏོང་རྒྱུ། བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའི་དབང་གིས་རྩིས་མེད་གཉེན་སྒྲིག་ཏུ་གྱུར་པའི་རྒྱུ་ནོར་ཐག་གཅོད་བྱེད་སྐབས། ཁྲིམས་མཐུན་ལྟར་གཉེན་སྒྲིག་བྱེད་མཁན་དོ་བདག་གི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག དོ་བདག་གཉིས་པོར་སྐྱེས་པའི་ཕྲུ་གུའི་སྐོར་ལ་བཅའ་ཁྲིམས་འདིའི་འབྲེལ་ཡོད་ཕ་མ་བུ་ཕྲུག་སྐོར་གྱི་གཏན་འབེབས་སྤྱད་འཐུས་བྱེད་རྒྱུ།

2_3 ལེའུ་གསུམ་པ།  ཁྱིམ་མི་བར་གྱི་འབྲེལ་བའི་སྐོར།

དོན་ཚན་བཅུ་གསུམ་པ།  ཁྱིམ་ཚང་ནང་དུ་ཁྱོ་ཤུག་གི་ཐོབ་ཐང་འདྲ་མཉམ་ཡིན།

དོན་ཚན་བཅུ་བཞི་བ།   ཁྱོ་ཤུག་གཉིས་ཀར་སོ་སོས་རུས་མིང་སྤྱོད་དབང་ཡོད།

དོན་ཚན་བཅོ་ལྔ་པ།  ཁྱོ་ཤུག་གཉིས་ཀར་ཐོན་སྐྱེད་དང་། ལས་ཀ  སློབ་སྦྱོང་། སྤྱི་ཚོགས་ཀྱི་ལས་སྒོ་བཅས་ལ་ཞུགས་པའི་རང་དབང་ཡོད་པས་ཕྱོགས་གཅིག་གིས་ཅིག་ཤོས་ལ་ཚོད་འཛིན་དང་ཐེ་གཏོགས་བྱས་མི་ཆོག

དོན་ཚན་བཅུ་དྲུག་པ།  ཁྱོ་ཤུག་གཉིས་ཀར་འཆར་ལྡན་བུ་བཙའི་འོས་འགན་ཡོད།

དོན་ཚན་བཅུ་བདུན་པ།  ཁྱོ་ཤུག་གཉིས་ཀྱིས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་གཤམ་གསལ་གྱི་རྒྱུ་ནོར་དག་ཁྱོ་ཤུག་གཉིས་ཀར་དབང་བ་སྟེ།

(གཅིག) གླ་ཕོགས་དང་བྱ་དགའི་དངུལ།

(གཉིས)ཐོན་སྐྱེད་དང་གཉེར་སྐྱོང་བྱས་པའི་ཡོང་སྒོ།

(གསུམ)ཤེས་ཡོན་ཐོན་དངོས་བདག་དབང་གི་ཡོང་སྒོ།

(བཞི)ཤུལ་འཛིན་བྱས་པའམ་སྟེར་ནས་ཐོབ་པའི་རྒྱུ་ནོར་ལས་བཅའ་ཁྲིམས་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་འདིའི་ཁོངས་སུ་མི་འདུ།

(ལྔ)ཐུན་མོང་ལ་དབང་དགོས་པའི་རྒྱུ་ནོར་གཞན་དག་བཅས་ཡིན།

ཁྱོ་ཤུག་གཉིས་ཀར་དབང་བའི་རྒྱུ་ནོར་རྣམས་འདྲ་མཉམ་སྒོས་ཐག་གཅོད་བྱེད་དབང་ཡོད།

དོན་ཚན་བཅོ་བརྒྱད་པ།  གཤམ་གསལ་གྱི་གནས་ཚུལ་གྲས་ནི་ཁྱོ་ཤུག་ཕྱོགས་གཅིག་པུའི་རྒྱུ་ནོར་ཡིན་པ་སྟེ།

(གཅིག)གཉེན་སྒྲིག་མ་བྱས་གོང་གི་ཕྱོགས་གཅིག་གི་རྒྱུ་ནོར་ཡིན་པ་དང་།

(གཉིས) ཕྱོགས་གཅིག་གི་ལུས་ལ་གནོད་སྐྱོན་བྱུང་བའི་དབང་གིས་སྨན་བཅོས་ཀྱི་གྲོན་དངུལ་དང་། དབང་བོ་སྐྱོན་ཅན་གྱི་འཚོ་བའི་གསབ་རོགས་དངུལ་སོགས་པའི་འགྲོ་གྲོན་ཐོབ་རིགས།

(གསུམ)ཁ་ཆེམས་བཞག་པའམ་སྟེར་རྒྱུའི་གན་རྒྱ་བཞག་པའི་ནང་ཁྱོ་ཤུག་གཉིས་ལས་གཅིག་ཁོ་ནར་དབང་བ་གཏན་འཁེལ་བྱས་པའི་རྒྱུ་ནོར།

(བཞི)ཕྱོགས་གཅིག་པུའི་ཆེད་སྤྱོད་འཚོ་བའི་ཉེར་སྤྱོད།

(ལྔ)ཕྱོགས་གཅིག་པུར་དབང་དགོས་པའི་རྒྱུ་ནོར་གཞན་དག་བཅས་ཡིན།

དོན་ཚན་བཅུ་དགུ་པ།  ཁྱོ་ཤུག་གཉིས་པོས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་དང་དེ་བཞིན་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་སོ་སོར་དབང་བ་དང་། ཐུན་མོང་ལ་དབང་བའམ་ཡང་ན་ཆ་ཤས་སོ་སོར་དབང་བ་དང་ཆ་ཤས་ཐུན་མོང་ལ་དབང་བའི་ཁ་དན་བཞག་ཆོག ཁ་དན་ཡིག་ཐོག་ནས་འཇོག་དགོས། ཁ་དན་བཞག་མེད་པ་དང་ཡང་ན་ཁ་དན་གསལ་བོ་བཞག་མེད་ན། བཅའ་ཁྲིམས་འདིའི་དོན་ཚན་བཅུ་བདུན་པ་དང་དོན་ཚན་བཅོ་བརྒྱད་པའི་གཏན་འབེབས་སྤྱད་འཐུས།

ཁྱོ་ཤུག་གཉིས་པོས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་དང་དེ་བཞིན་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་ཐད་བཞག་པའི་ཁ་དན་དེས་ཕྱོགས་གཉིས་ཀར་ཚོད་འཛིན་གྱི་ནུས་པ་ཐོན་རྒྱུ།

ཁྱོ་ཤུག་གཉིས་པོས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་སོ་སོར་དབང་བའི་ཁ་དན་བཞག་རིགས་ལས་ཁྱོ་ཤུག་ཕྱོགས་གཅིག་གིས་ཕྱི་རུ་བུ་ལོན་བསགས་པ་དང་། ཁ་དན་བཞག་པའང་སྐྱེས་བོ་གསུམ་པས་ཤེས་པའི་གྲས་ཡིན་ན། ཁྱོ་ཤུག་གཉིས་ལས་ཕྱོགས་གཅིག་པུ་དེ་རང་ལ་དབང་པའི་རྒྱུ་ནོར་ལས་གཙང་འཇལ་བྱ་རྒྱུ།

དོན་ཚན་ཉུ་ཤུ་པ།  ཁྱོ་ཤུག་གཉིས་ཀར་ཕན་ཚུན་གསོ་རྒྱུའི་འོས་འགན་ཡོད།

གཅིག་གིས་གསོ་འགན་མ་ཁུར་ན། གསོ་བྱའི་ཕྱོགས་དེར་ཅིག་ཤོས་ཀྱི་ས་ནས་གསོ་རྟེན་ལེན་དབང་ཡོད།

དོན་ཚན་ཉེར་གཅིག་པ།   ཕ་མར་རང་གི་ཕྲུ་གུ་གསོ་བ་དང་དེར་སློབ་གསོ་གཏོང་བའི་འོས་འགན་ཡོད། ཕྲུ་གུར་ཕ་མར་ཞབས་ཏོག་ཞུ་བ་དང་རོགས་སྐྱོར་བྱད་པའི་འོས་འགན་ཡོད།

ཕ་མས་ཕྲུ་གུ་གསོ་བའི་འོས་འགན་མ་ཁུར་ན། ལོ་ན་མ་སྨིན་པའམ་འཚོ་ཐབས་ལ་རང་མགོ་མ་ཐོན་པའི་ཕྲུ་གུར་ཕ་མའི་ས་ནས་གསོ་རྟེན་ལེན་དབང་ཡོད།

ཕྲུ་གུས་ཕ་མར་ཞབས་ཏོག་ཞུ་བའི་འོས་འགན་མ་བསྒྲུབས་ན། ངལ་རྩོལ་བྱེད་ནུས་མེད་པའམ་འཚོ་བར་དཀའ་ངལ་ཡོད་པའི་ཕ་མར་ཕྲུ་གུའི་ས་ནས་གསོ་རྟེན་ལེན་དབང་ཡོད།

ཕྲུ་གུ་དམར་འབྱར་ཆུར་བསྐྱུར་བའམ་དོར་བ་དང་། གནོད་འཚེ་གཞན་དག་གཏོང་རིགས་བཀག་སྡོམ་བྱ་རྒྱུ།

དོན་ཚན་ཉེར་གཉིས་པ།  ཕྲུ་གུར་ཕ་ཡི་རུས་མིང་བཏགས་ཆོག་ལ། མ་ཡི་རུས་མིང་བཏགས་ནའང་ཆོག

དོན་ཚན་ཉེར་གསུམ།  ཕ་མར་ལོ་ན་མ་སྨིན་པའི་ཕྲུ་གུར་སྲུང་སྐྱོང་བྱ་རྒྱུ་དང་སློབ་གསོ་གཏོང་བའི་དབང་ཆ་དང་འོས་འགན་ཡོད། ལོ་ན་མ་སྨིན་པའི་ཕྲུ་གུས་རྒྱལ་ཁབ་དང་ཐུན་མོང་། སྐྱེས་བོ་གཞན་དག་ལ་གནོད་འཚེ་བཏང་ཚེ། ཕ་མར་དམངས་དོན་གྱི་འགན་འཁྲི་འཁུར་རྒྱུའི་འོས་འགན་ཡོད།

དོན་ཚན་གཉེར་བཞི།  ཁྱོ་ཤུག་གཉིས་ཀར་ཅིག་ཤོས་ཀྱི་རྒྱུ་ནོར་ཤུལ་འཛིན་བྱེད་པའི་དབང་ཆ་ཡོད།

ཕ་མ་དང་ཕྲུ་གུར་ཕན་ཚུན་གྱི་རྒྱུ་ནོར་ཤུལ་འཛིན་བྱེད་དབང་ཡོད།

དོན་ཚན་ཉེར་ལྔ།  གཉེན་སྒྲིག་མ་བྱས་གོང་སྐྱེས་པའི་ཕྲུ་གུར་གཉེན་སྒྲིག་བྱས་ནས་སྐྱེས་པའི་ཕྲུ་གུ་བཞིན་དུ་ཁེ་དབང་འདྲ་མཉམ་ཡོད་པས། སུས་ཀྱང་དེར་གནོད་འཚེ་དང་མཐོང་ཆུང་བྱས་མི་ཆོག

གཉེན་སྒྲིག་མ་བྱས་གོང་སྐྱེས་པའི་ཕྲུ་གུ་དངོས་སུ་གསོ་སྐྱོང་མི་བྱེད་པའི་ལུས་སྦྱིན་ཕ་མས་ཕྲུ་གུ་འཚོ་ཐབས་རང་མགོ་རང་ཐོན་མ་བྱུང་བར་དུ་འཚོ་རྟེན་དང་སློབ་ཡོན་སྤྲོད་འགན་འཁུར་དགོས།

དོན་ཚན་ཉེར་དྲུག་པ།  རྒྱལ་ཁབ་ཀྱིས་ཁྲིམས་མཐུན་གྱི་ཉར་གསོའི་འབྲེལ་བ་སྲུང་སྐྱོབ་བྱ་རྒྱུ། ཉར་གསོ་བྱེད་མཁན་ཕ་མ་དང་གསོས་ཕྲུག་བར་གྱི་ཁེ་དབང་དང་འོས་འགན་ཐད་བཅའ་ཁྲིམས་འདིར་འཁོད་ཕ་མ་ཕྲུ་གུའི་བར་གྱི་འབྲེལ་བའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།

གསོས་ཕྲུག་དང་ལུས་སྦྱིན་ཕ་མས་བར་གྱི་ཁེ་དབང་དང་འོས་འགན་ནི་ཉར་གསོའི་འབྲེལ་བ་ཚུགས་པའི་དབང་གིས་མེད་པར་གྱུར་ཟིན་པ་ཡིན།

དོན་ཚན་ཉེར་བདུན་པ།   ཕ་གཡར་མ་གཡར་དང་སྔ་ཚར་བར་ཕན་ཚུན་མནར་གཅོད་གཏོང་རིགས་སམ་མཐོང་ཆུང་བྱེད་རིགས་མི་ཆོག

ཕ་གཡར་རམ་མ་གཡར་དང་དེ་ཉིད་ཀྱིས་གསོ་བ་དང་སློབ་གསོ་གཏོང་བའི་སྔ་ཚར་བར་གྱི་ཁེ་དབང་དང་འོས་འགན་ཐད་བཅའ་ཁྲིམས་འདིར་འཁོད་ཕ་མ་ཕྲུ་གུའི་བར་གྱི་འབྲེལ་བའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།

དོན་ཚན་ཉེར་བརྒྱད་པ།  འཚོ་སྐྱོང་བྱེད་འགན་འཁུར་ནུས་ལྡན་པའི་སྤོ་བོ་དང་རྨོ་བོས་ཕ་མ་གྲོངས་པའམ་ཕ་མར་འཚོ་སྐྱོང་བྱེད་ནུས་མེད་པའི་རང་གི་ཚ་བོ་ཚ་མོ་ལོ་ན་མ་སྨིན་པ་དག་གསོ་སྐྱོང་བྱེད་པའི་འོས་འགན་འཁུར་དགོས། འཚོ་སྐྱོང་བྱེད་འགན་འཁུར་ནུས་ལྡན་པའི་ཚ་བོ་ཚ་མོ་དག་གིས་ཕྲུ་གུ་གྲོངས་པའམ་ཕྲུ་གུར་ཞབས་ཏོག་ཞུ་ནུས་མེད་པའི་རང་གི་སྤོ་བོ་དང་རྨོ་བོར་ཞབས་ཏོག་ཞུ་བའི་འོས་འགན་འཁུར་དགོས།

དོན་ཚན་ཉེར་དགུ་པ།  འཚོ་སྐྱོང་བྱེད་འགན་འཁུར་ནུས་ལྡན་པའི་གཅེན་པོ་དང་གཅེན་མོས་ཕ་མ་གྲོངས་པའམ་ཕ་མར་འཚོ་སྐྱོང་བྱེད་ནུས་མེད་པའི་རང་གི་གཅུང་པོ་དང་། གཅུང་མོ་ལོ་ན་མ་སྨིན་པ་དག་གསོ་སྐྱོང་བྱེད་པའི་འོས་འགན་འཁུར་དགོས། གཅེན་པོ་དང་གཅེན་མོས་གསོ་སྐྱོང་བྱས་ནས་འཚར་ལོངས་བྱུང་ཞིང་འཚོ་སྐྱོང་བྱེད་འགན་འཁུར་ནུས་ལྡན་པའི་གཅུང་པོ་དང་གཅུང་མོས་ངལ་རྩོལ་ནུས་ཤུགས་ཞན་ལ་འཚོ་རྟེན་ཡོང་ཁུངས་ཀྱང་ཞན་པའི་གཅེན་པོ་དང་གཅེན་མོ་གསོ་སྐྱོང་བྱེད་པའི་འོས་འགན་འཁུར་དགོས།

དོན་ཚན་སུམ་བཅུ་བ།  བུ་ཕྲུག་གིས་ཕ་མའི་གཉེན་སྒྲིག་གི་ཁེ་དབང་ལ་བརྩི་འཇོག་དགོས་པ་ལས། ཕ་མས་གཉེན་སྒྲིག་བསྐྱར་མ་བྱེད་པ་དང་གཉེན་སྒྲིག་བྱས་རྗེས་ཀྱི་འཚོ་བར་ཐེ་གཏོགས་བྱས་མི་ཆོག བུ་ཕྲུག་གིས་ཕ་མར་ཞབས་ཏོག་ཞུ་རྒྱུའི་འོས་འགན་དེ་ཕ་མའི་གཉེན་སྒྲིག་གི་འབྲེལ་བར་འགྱུར་བ་བྱུང་བའི་དབང་གིས་མཇུག་སྒྲིལ་བྱས་མི་ཆོག

2_4 ལེའུ་བཞི་བ།  བཟའ་ཚང་ཁ་བྲལ་སྐོར།

དོན་ཚན་སོ་གཅིག་པ། ཁྱོ་ཤུག་ཕྱོགས་གཉིས་རང་མོས་ཐོག་བཟའ་ཚང་ཁ་བྲལ་འདོད་ཡོད་ན་ཁ་བྲལ་དུ་འཇུག་རྒྱུ། ཕྱོགས་གཉིས་ཀས་ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ཁ་བྲལ་སྙན་ཞུ་འབུལ་དགོས། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ཕྱོགས་གཉིས་ཀ་དངོས་འབྲེལ་རང་མོས་ངང་ཁ་བྲལ་བའི་ཐོག་ཕྲུ་གུ་དང་རྒྱུ་ནོར་སྐོར་ཐག་གཅོད་འཚམ་པོར་བྱས་ཚུལ་ཞིབ་རྩད་ཆོད་རྗེས་བཟའ་ཚང་ཁ་བྲལ་ལག་ཁྱེར་སྤྲོད་རྒྱུ།

དོན་ཚན་སོ་གཉིས་པ། ཁྱོ་ཤུག་གཉིས་ལས་གཅིག་གིས་ཁ་བྲལ་རྒྱུའི་རེ་འདུན་བཏོན་ན་འབྲེལ་ཡོད་སྡེ་ཁག་གིས་བར་འདུམ་བྱས་ཆོག་པའམ་ཡང་ན་ཐད་ཀར་མི་དམངས་ཁྲིམས་ཁང་ལ་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་སྦྱོར་བྱས་ཆོག

མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་རྒྱུའི་གྱོད་དོན་ལ་ཞིབ་གཅོད་བྱེད་སྐབས་བར་འདུམ་བྱ་དགོས། གལ་སྲིད་དངོས་འབྲེལ་བརྩེ་དུང་མེད་པར་གྱུར་ཏེ་བར་འདུམ་བྱས་ཀྱང་ཕན་འབྲས་མ་ཐོན་ན་བཟའ་ཚང་ཁ་བྲལ་དུ་འཇུག་དགོས།

གཤམ་གསལ་གྱི་གནས་ཚུལ་གྲས་ཡོད་ཅིང་བར་འདུམ་བྱས་ཀྱང་ཕན་འབྲས་མ་ཐོན་ན། བཟའ་ཚང་ཁ་བྲལ་དུ་འཇུག་དགོས།

(གཅིག)བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའམ་བཟའ་ཟླ་ཡོད་མཁན་གྱིས་གཞན་དང་འགབ་མཐུན་མཉམ་སྡོད་བྱེད་པ།

(གཉིས)ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བའམ་ཁྱིམ་མིར་མནར་གཅོད་གཏོང་བ། ཁྱིམ་མིར་དོར་བ།

(གསུམ)རྒྱན་འཛུགས་པ་དང་། དུག་འཐེན་པ་སོགས་པའི་ངན་གོམས་ལ་སློབ་གསོ་ཡང་ཡང་བཏང་ནའང་ཡོ་བསྲང་མི་བྱེད་པ།

(བཞི)ཕན་ཚུན་བློ་ཁ་མི་མཐུན་པའི་དབང་གིས་ལོགས་བགར་བསྡད་ནས་ལོ་གཉིས་ཟིན་པ།

(ལྔ)ཁྱོ་ཤུག་གི་བརྩེ་དུང་ལ་གནོད་པའི་གནས་ཚུལ་གཞན་དག་ཡོད་པ་བཅས་ཡིན།

ཕྱོགས་གཅིག་གར་སོང་ཆ་མེད་དུ་གྱུར་པ་ཡོངས་བསྒྲགས་བྱས་པ་དང་། ཅིག་ཤོས་ཀྱིས་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་སྦྱོར་བྱས་ན། བཟའ་ཚང་ཁ་བྲལ་རུང་བའི་ཆོག་མཆན་སྤྲོད་དགོས།

དོན་ཚན་སོ་གསུམ་པ། དམག་མིའི་ཕྱོགས་ལ་ནོར་འཛོལ་ཆེན་པོ་ཡོད་རིགས་ཕུད། དངོས་ཞབས་དམག་མིའི་བཟའ་ཟླས་ཁ་བྲལ་རྒྱུའི་རེ་འདུན་བཏོན་ན། ངེས་པར་དུ་དམག་མིའི་མོས་མཐུན་ཐོབ་དགོས།

དོན་ཚན་སོ་བཞི་པ། བུད་མེད་ལ་ཕྲུ་གུ་འཁོར་བའི་རིང་དང་ཕྲུ་གུ་སྐྱེས་པའི་རྗེས་ཀྱི་ལོ་གཅིག་ནང་ངམ་ཕྲུ་གུ་འཁོར་མཚམས་བཅད་པའི་རྗེས་ཀྱི་ཟླ་བ་དྲུག་ནང་ཚུན་དུ་ཁྱོ་གས་བཟའ་ཚང་ལ་ཁ་བྲལ་རྒྱུའི་རེ་འདུན་བཏོན་མི་ཆོག བུད་མེད་ཀྱིས་བཟའ་ཚང་ཁ་བྲལ་རྒྱུའི་རེ་འདུན་བཏོན་པའམ་ཡང་ན་མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་རྒྱུའི་ཁྱོ་གའི་རེ་འདུན་དངོས་གནས་བདག་སྤྲོད་བྱ་དགོས་ངེས་འདུག་སྙམ་པའི་རིགས་འདིའི་ཁོངས་སུ་མི་གཏོགས།

དོན་ཚན་སོ་ལྔ་བ། བཟའ་ཚང་ཁ་བྲལ་རྗེས་སྐྱེས་པ་དང་བུད་མེད་གཉིས་རང་མོས་ཀྱིས་ཁྱོ་ཤུག་གི་འབྲེལ་བ་སྔར་ལྟར་སླར་གསོ་བྱེད་འདོད་ཡོད་ན། ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་གཉེན་སྒྲིག་སླར་གསོ་བྱ་རྒྱུའི་ཐོ་འགོད་བྱེད་དགོས།

དོན་ཚན་སོ་དྲུག་པ། ཕ་མ་དང་ཕྲུ་གུའི་བར་གྱི་འབྲེལ་བ་ནི་ཕ་མ་གཉིས་བཟའ་ཚང་ཁ་བྲལ་བའི་དབང་གིས་མེད་པར་གྱུར་བ་མིན། བཟའ་ཚང་ཁ་བྲལ་བའི་རྗེས་ཕྲུ་གུ་ཕ་མ་སུ་ཡིས་དངོས་སུ་གསོས་པ་ཡིན་རུང་སྔར་བཞིན་ཕ་མ་གཉིས་ཀྱི་ཕྲུ་གུ་ཡིན།

བཟའ་ཚང་ཁ་བྲལ་བའི་རྗེས་སུའང་ཕ་མར་སྔར་བཞིན་ཕྲུ་གུ་གསོ་རྒྱུ་དང་ཕྲུ་གུར་སློབ་གསོ་གཏོང་རྒྱུའི་ཁེ་དབང་དང་འོས་འགན་ཡོད།

བཟའ་ཚང་ཁ་བྲལ་བའི་རྗེས་ནུ་མ་བསྣུན་དགོས་པའི་ཕྲུ་གུ་ནི་ནུ་མ་སྣུན་མཁན་ཨ་མའི་ཁྲིད་ནས་གསོ་རྒྱུ་རྩ་དོན་དུ་འཛིན་དགོས། ནུ་མ་བསྣུན་དུས་ཡོལ་བའི་རྗེས་ཀྱི་ཕྲུ་གུ་གསོ་རྒྱུའི་སྐོར་ཕ་མ་བར་རྩོད་པ་བྱུང་ནས་གྲོས་མཐུན་མ་བྱུང་ན། མི་དམངས་ཁྲིམས་ཁང་གིས་ཕྲུ་གུའི་ཁེ་དབང་དང་ཕྱོགས་གཉིས་པོའི་གནས་ཚུལ་དངོས་ལ་གཞིགས་ནས་དཔྱད་མཚམས་གཏོང་རྒྱུ།

དོན་ཚན་སོ་བདུན་པ། བཟའ་ཚང་ཁ་བྲལ་རྗེས་ཕྱོགས་གཅིག་གིས་གསོ་བའི་ཕྲུ་གུ་དེར་ཕྱོགས་ཅིག་ཤོས་ཀྱིས་དགོས་ངེས་ཀྱི་གསོ་རྟེན་དང་སློབ་ཡོན་ཆ་ཤས་སམ་ཚང་མ་སྤྲོད་འགན་ཁུར་དགོས་ཤིང་། འགྲོ་གྲོན་ག་ཚོད་སྤྲོད་དགོས་མིན་དང་དུས་ཡུན་རིང་ཐུང་ཇི་ཙམ་སྤྲོད་དགོས་མིན་ཕྱོགས་གཉིས་ནས་གྲོས་མཐུན་འཇོག་རྒྱུ། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་གཏོང་རྒྱུ།

ཕྲུ་གུའི་གསོ་རྟེན་དང་སློབ་ཡོན་སྐོར་གྱི་གྲོས་མཐུན་བཞག་པའམ་དཔྱད་མཚམས་བཏང་ཡོད་རུང་། དགོས་པ་བྱུང་ཚེ་ཕྲུ་གུས་ཕ་མ་གང་རུང་ལ་གྲོས་མཐུན་བཞག་པའམ་དཔྱད་མཚམས་བཏང་གསལ་གྱི་གཏན་འཁེལ་གྲངས་ཚད་ལས་མང་བའི་ལུགས་མཐུན་གྱི་རེ་འདུན་ཞུས་པར་འགལ་རྐྱེན་མེད།

དོན་ཚན་སོ་བརྒྱད་པ། བཟའ་ཚང་ཁ་བྲལ་རྗེས་ཕྲུ་གུ་དངོས་སུ་མི་གསོ་བའི་ཕའམ་མ་ལ་ཕྲུ་གུ་ཐུག་འཕྲད་བྱེད་དབང་ཡོད་པ་དང་། ཅིག་ཤོས་ལ་རོགས་རམ་བྱེད་པའི་འོས་འགན་ཡོད།

ཐུག་འཕྲད་བྱེད་དབང་སྤྱོད་སྟངས་དང་དུས་ཚོད་ནི་དོ་བདག་བར་གྲོས་མཐུན་འཇོག་རྒྱུ། གྲོས་ཁ་མ་མཐུན་ན། མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་གཏོང་རྒྱུ།

ཕའམ་མས་ཕྲུ་གུ་ཐུག་འཕྲད་བྱས་ཚེ། ཕྲུ་གུའི་ལུས་སེམས་བདེ་ཐང་ཡོང་བར་ཕན་པ་མེད་ན། མི་དམངས་ཁྲིམས་ཁང་གིས་ཁྲིམས་མཐུན་ལྟར་ཐུག་འཕྲད་བྱེད་དབང་བར་མཚམས་འཇོག་རྒྱུ། བར་མཚམས་འཇོག་རྐྱེན་མེད་པ་ཆགས་རྗེས་ཐུག་འཕྲད་བྱེད་དབང་སླར་གསོ་བྱ་རྒྱུ།

དོན་ཚན་སོ་དགུ་པ། བཟའ་ཚང་ཁ་བྲལ་སྐབས། ཁྱོ་ཤུག་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་དག་ཕྱོགས་གཉིས་ནས་གྲོས་མོལ་ཐོག་ཐག་གཅོད་རྒྱུ། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་རྒྱུ་ནོར་གྱི་གནས་ཚུལ་དངོས་ལ་གཞིགས་པ་དང་། ཕྲུ་གུ་དང་བུད་མེད་ཀྱི་ཁེ་དབང་ལ་ལྟ་རྟོག་བྱེད་པའི་རྩ་དོན་གཞིར་བཟུང་ནས་དཔྱད་མཚམས་གཏོང་རྒྱུ།

ཁྱིམ་ཚང་གིས་ས་ཞིང་འགན་གཙང་ལེན་པའི་གཉེར་སྐྱོང་ནང་ཁྱོ་གའམ་ཆུང་མར་མངའ་བའི་ཁེ་དབང་ལ་སོགས་པ་ཁྲིམས་མཐུན་ལྟར་སྲུང་སྐྱོབ་བྱ་རྒྱུ།

དོན་ཚན་བཞི་བཅུ་བ། ཁྱོ་ཤུག་བར་གཉེན་སྒྲིག་གི་འབྲེལ་བ་གནས་རིང་བསགས་པའི་རྒྱུ་ནོར་སོ་སོར་དབང་བའི་ཡིག་ཐོག་གི་ཁ་དན་བཞག་ཡོད་ཅིང་། ཕྱོགས་གཅིག་གིས་ཕྲུ་གུ་གསོ་སྐྱོང་དང་བགྲེས་སོང་ལྟ་སྐྱོང་། ཅིག་ཤོས་ཀྱི་ལས་ཀར་རོགས་རམ་བཅས་བྱེད་པའི་འོས་འགན་ཅུང་མང་པོ་བསྒྲུབས་ཡོད་ན། བཟའ་ཚང་ཁ་བྲལ་སྐབས་ཕྱོགས་ཅིག་ཤོས་ལ་གུན་གསབ་དགོས་པའི་རེ་འདུན་ཞུ་དབང་ཡོད་པ་དང་། ཕྱོགས་ཅིག་ཤོས་ཀྱིས་གྱོང་གུད་གསབ་དགོས།

དོན་ཚན་ཞེ་གཅིག་པ། བཟའ་ཚང་ཁ་བྲལ་སྐབས་དེ་སྔ་ཁྱོ་ཤུག་གཉིས་འཚོ་བ་མཉམ་དུ་སྐྱེལ་རིང་བུ་ལོན་ཟུག་རིགས་ཐུན་མོང་དུ་འཇལ་སྤྲོད་བྱ་རྒྱུ། ཐུན་མོང་གི་རྒྱུ་ནོར་གྱིས་བུ་ལོན་གཙང་འཇལ་མ་ཐུབ་པའམ་ཡང་ན་རྒྱུ་ནོར་སོ་སོར་དབང་བ་ཡིན་ན། ཕྱོགས་གཉིས་ནས་གྲོས་མོལ་བྱས་ཏེ་འཇལ་སྤྲོད་བྱ་དགོས། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་གཏོང་རྒྱུ།

དོན་ཚན་ཞེ་གཉིས་པ། བཟའ་ཚང་ཁ་བྲལ་སྐབས་གལ་ཏེ་ཕྱོགས་གཅིག་གི་འཚོ་བར་དཀའ་ངལ་ཡོད་ཚེ། ཅིག་ཤོས་ཀྱིས་རང་གི་སྡོད་ཁང་ལ་སོགས་པའི་སྒེར་གྱི་རྒྱུ་ནོར་ཁོངས་ནས་རོགས་རམ་འོས་འཚམ་བྱེད་དགོས། བྱེད་ཐབས་ཞིབ་ཕྲ་ཕྱོགས་གཉིས་ནས་གྲོས་མོལ་བྱ་རྒྱུ། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་གཏོང་རྒྱུ།

2_5 ལེའུ་ལྔ་བ། སྐྱོབ་རོགས་བྱེད་ཐབས་དང་ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་ཞེ་གསུམ་པ། ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བའམ་ཁྱིམ་མིར་མནར་གཅོད་བཏང་ན། གནོད་འཚེ་ཕོག་མཁན་གྱིས་སྐྱོབ་རེ་བཏོན་ཆོག་པ་དང་། གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་། དེ་བཞིན་ལས་ཡུལ་སྡེ་ཚན་བཅས་ཀྱིས་བཀག་སྡོམ་བསླབ་བྱ་རྒྱག་པ་དང་འདུམ་འགྲིག་བྱ་དགོས།

ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བཞིན་པ་ཡིན་ན། གནོད་འཚེ་ཕོག་མཁན་གྱིས་སྐྱོབ་རེ་བཏོན་ཆོག་པ་དང་། གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་གིས་བཀག་སྡོམ་བྱ་དགོས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་བཀག་འགོག་བྱ་དགོས།

ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བའམ་ཁྱིམ་མིར་མནར་གཅོད་བཏང་བར་གནོད་འཚེ་ཕོག་མཁན་གྱིས་སྐྱོབ་རེ་བཏོན་པ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྐྱོང་དོ་དམ་ཐད་ཀྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནང་གསལ་གཏན་འབེབས་གཞིར་བཟུང་ནས་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་རྒྱུ།

དོན་ཚན་ཞེ་བཞི་པ། ཁྱིམ་མི་དོར་ན། གནོད་འཚེ་ཕོག་མཁན་གྱིས་སྐྱོབ་རེ་བཏོན་ཆོག་པ་དང་། གྲོང་མི་ཨུ་ཡོན་ལྷན་ཁང་། ཡུལ་མི་ཨུ་ཡོན་ལྷན་ཁང་། དེ་བཞིན་ལས་ཡུལ་སྡེ་ཚན་བཅས་ཀྱིས་བཀག་སྡོམ་བསླབ་བྱ་རྒྱག་པ་དང་འདུམ་འགྲིག་བྱ་དགོས།

ཁྱིམ་མི་དོར་སྟབས་གནོད་འཚེ་ཕོག་མཁན་གྱིས་སྐྱོབ་རེ་ཞུས་ཚེ་མི་དམངས་ཁྲིམས་ཁང་གིས་ཁྲིམས་མཐུན་འཚོ་རྟེན་དང་། གསོ་རྟེན་ཞབས་ཏོག་ཞུ་དངུལ་བཅས་སྤྲོད་དགོས་པའི་དཔྱད་མཚམས་གཏོང་དགོས།

དོན་ཚན་ཞེ་ལྔ་བ། བཟའ་ཚང་ཡོད་བཞིན་དུ་གཉེན་སྒྲིག་བྱས་རིགས་དང་། ཁྱིམ་མི་དོར་བའི་ཉེས་བ་བསགས་རིགས་ལ་ཁྲིམས་མཐུན་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། གནོད་འཚེ་ཕོག་མཁན་གྱིས་ཉེས་དོན་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནང་འཁོད་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་མི་དམངས་ཁྲིམས་ཁང་ལ་སྒེར་གྱི་ཞུ་སྦྱོར་བྱས་ཆོག  སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་མཐུན་ལྟར་མྱུལ་ཞིབ་བྱ་དགོས་པ་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་མཐུན་ལྟར་གཞུང་ཕྱོགས་ཀྱི་ཞུ་སྦྱོར་བྱ་དགོས།

དོན་ཚན་ཞེ་དྲུག་པ། གཤམ་གསལ་གྱི་གནས་ཚུལ་གྲས་ཡོད་པའི་དབང་གིས་བཟའ་ཚང་ཁ་བྲལ་དགོས་བྱུང་ན། ནོར་འཛོལ་མེད་མཁན་ཕྱོགས་ལ་གུན་གསབ་འཇལ་རེ་ཞུ་དབང་ཡོད།

(གཅིག)བཟའ་ཚང་ཡོད་བཞིན་དུ་གཉེན་སྒྲིག་བྱས་པ་དང་།

(གཉིས)བཟའ་ཚང་ཡོད་མཁན་གྱིས་གཞན་འགབ་མཐུན་མཉམ་སྡོད་བྱས་པ།

(གསུམ)ཁྱིམ་ཚང་དུ་གཏུམ་གཅོད་སྤེལ་བ།

(བཞི)ཁྱིམ་མིར་མནར་གཅོད་བཏང་བ་དང་ཁྱིམ་མི་དོར་རིགས་བཅས་ཡིན།

དོན་ཚན་ཞེ་བདུན་པ། བཟའ་ཚང་ཁ་བྲལ་སྐབས། ཕྱོགས་གཅིག་གིས་ཁྱོ་ཤུག་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་དང་། སྤོ་སྒྱུར། འཚོང་སྒྱུར། གཏོར་བརླག་བཅས་བྱས་པའམ་ཡང་ན་བུ་ལོན་རྫུན་བཟོ་བྱས་ནས་ཅིག་ཤོས་གྱི་རྒྱུ་ནོར་ཧམ་བཟུང་བྱེད་རྩིས་བྱས་ན། ཁྱོ་ཤུག་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་སྐབས། ཁྱོ་ཤུག་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་དང་། སྤོ་སྒྱུར། འཚོང་སྒྱུར་བཅས་བྱས་པའམ་ཡང་ན་བུ་ལོན་རྫུན་བཟོ་བྱེད་པའི་ཕྱོགས་དེར་ཉུང་ཙམ་བགོ་བའམ་མ་བགོས་ཀྱང་ཆོག  བཟའ་ཚང་ཁ་བྲལ་རྗེས་ཅིག་ཤོས་ཀྱིས་གོང་སྨོས་ཀྱི་བྱ་སྤྱོད་ཡོད་པ་རྟོགས་ན། མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་ཁྱོ་ཤུག་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་བསྐྱར་དུ་བགོ་བཤའ་རྒྱག་པའི་རེ་འདུན་བཏོན་ཆོག

གོང་གསལ་ནང་གསེས་དོན་ཚན་དུ་གཏན་ལ་ཕབ་པའི་དམངས་དོན་གཏུག་བཤེར་ལ་གནོད་པའི་བྱ་སྤྱོད་རིགས་ལ་མི་དམངས་ཁྲིམས་ཁང་གིས་དམངས་དོན་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་ཁྲིམས་འདོམས་བྱ་རྒྱུ།

དོན་ཚན་ཞེ་བརྒྱད་པ། འཚོ་རྟེན་དང་གསོ་རྟེན། ཞབས་ཏོག་ཞུ་དངུལ། རྒྱུ་ནོར་བགོ་བཤའ། རྒྱུ་ནོར་ཤུལ་འཛིན། ཕྲུ་གུ་ཐུག་འཕྲད་སོགས་པའི་སྐོར་གྱི་དཔྱད་མཚམས་སམ་བཀའ་བཅད་བཏང་དོན་ལག་ལེན་མི་བྱེད་པའི་རིགས་ལ་མི་དམངས་ཁྲིམས་ཁང་གིས་ཁྲིམས་མཐུན་ལྟར་བཙན་ཤེད་ཀྱིས་ལག་ལེན་བསྟར་དུ་འཇུག་དགོས། འབྲེལ་ཡོད་མི་སྒེར་དང་སྡེ་ཚན་གྱིས་ལག་ལེན་བསྟར་རོགས་བྱེད་འགན་འཁུར་དགོས།

དོན་ཚན་ཞེ་དགུ་པ། བཅའ་ཁྲིམས་གཞན་དག་ནང་གཉེན་སྒྲིག་དང་ཁྱིམ་ཚང་སྐོར་གྱི་ཁྲིམས་འགལ་བྱ་སྤྱོད་དང་ཁྲིམས་འབྲེལ་འཁུར་འཁྲིའི་སྐོར་གཏན་འབེབས་ལོགས་སུ་ཡོད་ན། གཏན་འབེབས་དེ་གཞིར་འཛིན་དགོས།

2_6 ལེའུ་དྲུག་པ། ཞར་བྱུང་དོན་ཚན།

དོན་ཚན་ལྔ་བཅུ་བ། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ས་གནས་དེ་གའི་མི་རིགས་ཀྱི་གཉེན་སྒྲིག་དང་ཁྱིམ་ཚང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་བབ་བསྟུན་གྱིས་གཏན་འབེབས་བྱེད་དབང་ཡོད། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གིས་བབ་བསྟུན་གྱིས་གཏན་འབེབས་བྱས་རིགས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་བཀའ་འཁྲོལ་བྱུང་རྗེས་གོ་ཆོད་པ་ཡིན། རང་སྐྱོང་ལྗོངས་ཀྱིས་བྱེ་བྲག་བབ་བསྟུན་གྱིས་གཏན་འབེབས་བྱས་རིགས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་བཀའ་འཁྲོལ་བྱུང་རྗེས་གོ་ཆོད་པ་ཡིན།

དོན་ཚན་ང་གཅིག་པ། བཅའ་ཁྲིམས་འདི1981ལོའི་ཟླ1ཚེས1ཉིན་ནས་ལག་ལེན་དུ་བསྟར་རྒྱུ།

1950ལོའི་ཟླ5བའི་ཚེས1ཉིན་འགྲེམས་བསྒྲགས་བྱས་ནས་ལག་ལེན་དུ་བསྟར་བའི《གཉེན་སྒྲིག་གི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དེ་བཅའ་ཁྲིམས་འདི་ལག་ལེན་བསྟར་འགོ་ཚུགས་ཉིན་ནས་བཟུང་རྩིས་མེད་དུ་གཏོང་རྒྱུ།

3 འགྲེལ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》སྤྱད་འཐུས་ཀྱི་གནད་དོན་འགའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགྲེལ་བཤད། (གཅིག)

(སྤྱི་ལོ2001ལོའི་ཟླ12པའི་ཚེས24ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྱི་བསྒྲགས་བྱས། སྤྱི་ལོ2001ལོའི་ཟླ12པའི་ཚེས27ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།)

ཁྲིམས་འགྲེལ[2001]ཨང30པ།

གཉེན་སྒྲིག་དང་ཁྱིམ་ཚང་གི་གྱོད་དོན་འདྲི་གཅོད་ཡང་དག་པ་བྱེད་ཆེད《གཉེན་སྒྲིག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》(གཤམ་དུ་གཉེན་སྒྲིག་བཅའ་ཁྲིམས་ཞེས་བསྡུས་མིང་འབོད་རྒྱུ)དང་། 《དམངས་དོན་གཏུག་བཤེར་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་གཞི་བཅོལ་ནས་མི་དམངས་ཁྲིམས་ཁང་གིས་གཉེན་སྒྲིག་བཅའ་ཁྲིམས་སྤྱད་འཐུས་ཀྱི་འབྲེལ་ཡོད་གནད་དོན་ཁག་ལ་འགྲེལ་བཤད་བྱས་པ་གཤམ་གསལ།

དོན་ཚན་དང་པོ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་གསུམ་པ་དང་། དོན་ཚན་སོ་གཉིས་པ། དོན་ཚན་ཞེ་གསུམ་པ། དོན་ཚན་ཞེ་ལྔ་བ། དོན་ཚན་ཞེ་དྲུག་པ་བཅས་ལས་བསྟན་པའི(ཁྱིམ་ཚང་གི་གཏུམ་སྤྱོད)ཅེས་པ་ནི་ཉེས་རྡུང་དང་། བསྡམ་བཀྱིག་མནར་གཅོད། བཙན་ཤེད་ཀྱིས་མི་ལུས་རང་དབང་ལ་ཚད་བཀག་བྱེད་པའམ་ལག་ཐབས་གཞན་དག་བཅས་ཀྱི་ཐོག་ནས་ཁྱིམ་མིའི་ལུས་སེམས་སོགས་ལ་གནོད་འཚེའི་མཇུག་འབྲས་བསྐྱེད་པའི་བྱ་སྤྱོད་ལ་ཟེར། རྒྱུན་མཐུད་རང་བཞིན་དང་། དུས་རྒྱུན་རང་བཞིན་ལྡན་པའི་ཁྱིམ་ཚང་གི་གཏུམ་སྤྱོད་ཀྱིས་མནར་གཅོད་ཀྱི་བྱས་ཉེས་གསོག་གི་ཡོད།

དོན་ཚན་གཉིས་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱིས་དོན་ཚན་གསུམ་པ་དང་། དོན་ཚན་སོ་གཉིས་པ། དོན་ཚན་ཞེ་དྲུག་པ་བཅས་ནང་གཏན་འབེབས་བྱས་པའི(བཟའ་ཟླ་ཡོད་བཞིན་དུ་གཞན་དང་འགབ་མཐུན་མཉམ་སྡོད་བྱེད་པ)ཞེས་པའི་གནས་ཚུལ་ནི། བཟའ་ཟླ་ཡོད་བཞིན་དུ་བཟའ་ཚང་མ་ཡིན་པའི་དགའ་རོགས་དང་ཁྱོ་ཤུག་མིན་པའི་མིང་ཐོག་ནས་རྒྱུན་མཐུད་དང་གཏན་འཇགས་སྒོས་མཉམ་སྡོད་བྱེད་པ་ལ་གོ

དོན་ཚན་གསུམ་པ། དོ་བདག་གིས་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཞི་བ་ཁོ་ན་གཞི་བཅོལ་ནས་ཞུ་གཏུག་བྱས་ཚེ། མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་མི་དགོས། བདག་སྤྲོད་བྱས་ཟིན་གྲས་ཞུ་གཏུག་ཕྱིར་སློག་བྱེད་པའི་བཀའ་ཆད་གཏོང་དགོས།

དོན་ཚན་བཞི་པ། སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀའི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་བཏན་འབེབས་ལྟར་གཉེན་སྒྲིག་ཐོ་འགོད་གསབ་སྒྲུབ་བྱེད་པ་ལ། གཉེན་སྒྲིག་གི་འབྲེལ་བའི་ནུས་པ་ནི་ཕྱོགས་གཉིས་ཀར་གཉེན་སྒྲིག་བཅའ་ཁྲིམས་ཀྱི་གཏན་འབེབས་བྱས་པའི་གཉེན་སྒྲིག་གི་ངོ་བོའི་ཆ་རྐྱེན་ཚང་བའི་དུས་ནས་བརྩི་དགོས།

དོན་ཚན་ལྔ་བ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་གཏན་འབེབས་ལྟར། གཉེན་སྒྲིག་ཐོ་འགོད་མ་བྱས་པར་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་གཅིག་ཏུ་འཚོ་བ་རོལ་བའི་སྐྱེས་པ་དང་བུད་མེད་ཀྱིས་མི་དམངས་ཁྲིམས་ཁང་དུ་ཕྱིན་ཏེ་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་བྱས་ཚེ། གཤམ་ལྟར་དབྱེ་བ་ཕྱེ་ནས་བདག་སྤྲོད་བྱ་རྒྱུ།

(གཅིག)སྤྱི་ལོ1994ལོའི་ཟླ2པའི་ཚེས1ཉིན་དམངས་སྲིད་པུའུ་ཡིས་སྤྱི་བསྒྲགས་བྱས་པའི《གཉེན་སྒྲིག་ཐོ་འགོད་དོ་དམ་སྲོལ་ཡིག》ལག་བསྟར་མ་བྱས་གོང་དུ་སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀ་གཉེན་སྒྲིག་གི་ངོ་བོའི་ཆ་རྐྱེན་ཚང་ཟིན་གྲས་ནི་དོན་དངོས་གཉེན་སྒྲིག་ལྟར་ཐག་གཅོད་བྱ་རྒྱུ།

(གཉིས)སྤྱི་ལོ1994ལོའི་ཟླ་2པའི་ཚེས1ཉིན་དམངས་སྲིད་པུའུ་ཡིས་སྤྱི་བསྒྲགས་བྱས་པའི《གཉེན་སྒྲིག་ཐོ་འགོད་དོ་དམ་སྲོལ་ཡིག》ལག་བསྟར་བྱས་པའི་ཚུན་གྱི་སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀ་གཉེན་སྒྲིག་གི་ངོ་བོའི་ཆ་རྐྱེན་ཚང་ཡོད་གྲས་ནི་མི་དམངས་ཁྲིམས་ཁང་གིས་དོ་བདག་ལ་གྱོད་དོན་བདག་སྤྲོད་མ་བྱས་གོང་གཉེན་སྒྲིག་ཐོ་འགོད་གསབ་སྒྲུབ་མ་བྱས་མཁན་ཡིན་གྲས་འགབ་མཐུན་མཉམ་སྡོད་ཀྱི་འབྲེལ་བ་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་དྲུག་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་གཏན་འབེབས་ལྟར། གཉེན་སྒྲིག་ཐོ་འགོད་མ་བྱས་པར་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་གཅིག་ཏུ་འཚོ་བ་རོལ་པའི་སྐྱེས་པ་དང་བུད་མེད་ཡིན་ན། ཕྱོགས་གཅིག་ཚེ་ལས་འདས་ནས་ཕྱོགས་ཅིག་ཤོས་ཀྱིས་བཟའ་ཟླའི་ཐོབ་ཐང་ངོས་ནས་ཤུལ་འཛིན་གྱི་ཁེ་དབང་སྤྱོད་པའི་འདོད་བློ་བཏོན་ཏེ། འགྲེལ་བཤད་འདིའི་དོན་ཚན་ལྔ་པའི་རྩ་དོན་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་བདུན་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བའི་གཏན་འབེབས་ལྟར། མི་དམངས་ཁྲིམས་ཁང་གིས་གཉེན་སྒྲིག་ཐོ་འགོད་བྱས་ཟིན་པའི་གཉེན་སྒྲིག་དེ་རྩིས་མེད་པའི་གཉེན་སྒྲིག་ཏུ་བསྒྲགས་རྒྱུའི་རེ་འདུན་ཞུ་བདག་གཞིའི་ཁོངས་སུ་གཉེན་སྒྲིག་དོ་བདག་དང་དེ་བཞིན་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་ཚུད་ཡོད། ཁེ་གྱོང་འབྲེལ་བ་ཡོད་པའི་མིའི་ཁོངས་སུ་གཤམ་གསལ་ཚུད་ཡོད།

(གཅིག)བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའི་རྒྱུ་མཚན་ཐོག་ནས་རྩིས་འགྲོ་མེད་པའི་གཉེན་སྒྲིག་ཏུ་བསྒྲགས་རྒྱུའི་རེ་འདུན་ཞུ་མཁན་དེ་དོ་བདག་གི་གཉན་ཉེ་དང་གཞི་རིམ་རྩ་འཛུགས་ཡིན་པ་དང་།

(གཉིས)ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་ལ་མ་སོན་པའི་རྒྱུ་མཚན་ཐོག་ནས་རྩིས་འགྲོ་མེད་པའི་གཉེན་སྒྲིག་ཏུ་བསྒྲགས་རྒྱུའི་རེ་འདུན་ཞུ་མཁན་དེ་དོ་བདག་གི་གཉེན་སྒྲིག་ལོ་ཚད་ལ་མ་སོན་མཁན་གྱི་གཉེན་ཉེ་ཡིན་པ།

(གསུམ)གཉེན་སྒྲིག་བྱས་མི་ཆོག་པའི་གཉེན་ཚན་གྱི་འབྲེལ་བ་ཡོད་པའི་རྒྱུ་མཚན་ཐོག་ནས་རྩིས་འགྲོ་མེད་པའི་གཉེན་སྒྲིག་ཏུ་བསྒྲགས་རྒྱུའི་རེ་འདུན་ཞུ་མཁན་དེ་དོ་བདག་གི་གཉེན་ཉེ་ཡིན་པ།

(བཞི)གསོ་རིག་སྟེང་གཉེན་སྒྲིག་མི་ཆོག་པར་འདོད་པའི་ནད་ཡོད་པ་དང་། གཉེན་སྒྲིག་བྱས་རྗེས་ད་དུང་དྲག་སྐྱེད་བྱུང་མེད་པའི་རྒྱུ་མཚན་ཐོག་ནས་རྩིས་འགྲོ་མེད་པའི་གཉེན་སྒྲིག་ཏུ་བསྒྲགས་རྒྱུའི་རེ་འདུན་ཞུ་བ་དེ་ནད་པ་དང་མཉམ་དུ་འཚོ་བ་རོལ་མཁན་གཉེན་ཉེ་ཡིན་པ་བཅས།

དོན་ཚན་བརྒྱད་པ། དོ་བདག་གིས་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བ་ལྟར་མི་དམངས་ཁྲིམས་ཁང་ལ་རྩིས་འགྲོ་མེད་པའི་གཉེན་སྒྲིག་ཏུ་བསྒྲགས་རྒྱུའི་རེ་འདུན་ཞུ་བ་ལ། རེ་འདུན་ཞུ་དུས་ཁྲིམས་བཀོད་ཀྱི་རྩིས་འགྲོ་མེད་པའི་གཉེན་སྒྲིག་གནས་བབ་མེད་པ་ཆགས་ཟིན་གྲས་ལ་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་མི་བྱེད།

དོན་ཚན་དགུ་བ། མི་དམངས་ཁྲིམས་ཁང་གིས་རྩིས་འགྲོ་མེད་པའི་གཉེན་སྒྲིག་ཏུ་བསྒྲགས་རྒྱུའི་གྱོད་གཞི་འདྲི་གཅོད་བྱེད་དུས། གཉེན་སྒྲིག་ནུས་པ་ལ་འདྲི་གཅོད་བྱེད་པའི་ཐད་དུ་འདུམ་ཐབས་མི་སྤྱོད་པར་ཁྲིམས་ལྟར་དཔྱད་མཚམས་གཏོང་རྒྱུ་དང་། གཉེན་སྒྲིག་ནུས་པའི་སྐོར་གྱི་དཔྱད་མཚམས་ནི་ག་དུས་བཏང་ན་དེ་དུས་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ཟིན་པ་ཡིན།

རྒྱུ་ནོར་བགོ་བཤའ་དང་ཕྲུ་གུའི་གསོ་འགན་སྐོར་དང་འབྲེལ་བ་ཡོད་རིགས་ལ་བར་འདུམ་བྱེད་ཐབས་སྤྱོད་དགོས། འདུམ་འགྲིག་བྱུང་ཟིན་པ་ལ་བར་འདུམ་བཅད་ཁྲ་ཁོལ་དུ་འབྲི་དགོས། རྒྱུ་ནོར་བགོ་བཤའ་དང་ཕྲུ་གུའི་གསོ་འགན་གྱི་གནད་དོན་སྐོར་གྱི་དཔྱད་མཚམས་ཁས་མི་ལེན་ན་དོ་བདག་གིས་གོང་གཏུག་བྱས་ཆོག

དོན་ཚན་བཅུ་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཅིག་པའི་ནང་བསྟན་པའི(བཙན་ཤེད)ཅེས་པ་ནི་བྱེད་པ་པོ་དེས་དོ་བདག་ཕྱོགས་ཅིག་ཤོས་དང་ཡང་ན་དེའི་གཉེན་ཉེ་ཡི་ཚེ་སྲོག་དང་། ལུས་ཕུང་བདེ་ཐང་། མཚན་སྙན། རྒྱུ་ནོར་སོགས་ལ་གནོད་འཚེ་གཏོང་རྒྱུའི་བཙན་ཤེད་བྱས་ཏེ། དོ་བདག་ཕྱོགས་ཅིག་ཤོས་ལ་རང་གི་འདོད་མོས་དངོས་དང་འགལ་བར་གཉེན་སྒྲིག་བྱེད་དུ་བཅུག་པའི་གནས་ཚུལ་ལ་གོ

བཙན་ཤེད་མྱངས་བའི་རྒྱུ་མཚན་གྱིས་གཉེན་སྒྲིག་རྩིས་མེད་གཏོང་བའི་རེ་འདུན་འདོན་མཁན་ནི། བཙན་ཤེད་མྱོང་མཁན་ཕྱོགས་ཀྱི་གཉེན་སྒྲིག་འབྲེལ་བའི་དོ་བདག་རང་ཉིད་ཡིན་དགོས།

དོན་ཚན་བཅུ་གཅིག་པ། མི་དམངས་ཁྲིམས་ཁང་གིས་གཉེན་སྒྲིག་དོ་བདག་གིས་བཙན་ཤེད་མྱངས་པའི་རྒྱུ་མཚན་ཐོག་ནས་གཉེན་སྒྲིག་རྩིས་མེད་གཏོང་དགོས་རྒྱུའི་རེ་འདུན་བཏོན་པའི་གྱོད་འདྲི་གཅོད་བྱེད་དུས། སྟབས་བདེའི་གོ་རིམ་མམ་སྤྱིར་བཏང་གི་གོ་རིམ་སྤྱད་འཐུས།

དོན་ཚན་བཅུ་གཉིས་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཅིག་པའི་ནང་གཏན་འབེབས་བྱས་པའི(ལོ་གཅིག)ཅེས་པར་ཞུ་གཏུག་ནུས་ཡོད་དུས་བཀག་མཚམས་གཅོད་པ་དང་ཆད་པའམ་ཡང་ན་ཇེ་རིང་དུ་གཏོང་བའི་གཏན་འབེབས་སྤྱད་མི་འཐུས།

དོན་ཚན་བཅུ་གསུམ་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཉིས་པའི་ནང་གཏན་འབེབས་བྱས་པའི(ཐོག་མ་་ཉིད་ནས་རྩིས་འགྲོ་མེད)ཅེས་པ་ནི། རྩིས་འགྲོ་མེད་པའམ་རྩིས་མེད་བཏང་འཐུས་ཀྱི་གཉེན་སྒྲིག་དེ་ཁྲིམས་ལྟར་རྩིས་འགྲོ་མེད་པའམ་རྩིས་མེད་བཏང་བར་སྒྲོག་དུས་སུ་ད་གཟོད་གཉེན་སྒྲིག་དེ་ཐོག་མ་ཉིད་ནས་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་བྱེད་ཁོངས་མིན་པ་གཏན་འཁེལ་བྱེད་དགོས།

དོན་ཚན་བཅུ་བཞི་པ། མི་དམངས་ཁྲིམས་ཁང་གིས་དོ་བདག་གི་རེ་འདུན་ལྟར་ཁྲིམས་ལྟར་རྩིས་འགྲོ་མེད་པའི་གཉེན་སྒྲིག་གམ་རྩིས་མེད་བཏང་བའི་གཉེན་སྒྲིག་ཏུ་བསྒྲགས་རྗེས། ཕྱོགས་གཉིས་ཀའི་གཉེན་སྒྲིག་ལག་ཁྱེར་ཕྱིར་ལེན་དགོས་པ་མ་ཟད། ནུས་པ་ཐོན་པའི་བཅད་ཁྲ་དེ་ས་གནས་རང་གི་གཉེན་སྒྲིག་ཐོ་འགོད་དོ་དམ་ལས་ཁུངས་སུ་གཏོང་དགོས།

དོན་ཚན་བཅོ་ལྔ་བ། རྩིས་འགྲོ་མེད་པའམ་རྩིས་མེད་བཏང་བར་བསྒྲགས་པའི་གཉེན་སྒྲིག་ཡིན་ན། དོ་བདག་ལ་འགབ་མཐུན་མཉམ་སྡོད་བྱེད་རིང་ཐོབ་པའི་རྒྱུ་ནོར་ནི་ཐུན་མོང་གི་རྒྱུ་ནོར་ལྟར་ཐག་གཅོད་བྱ་རྒྱུ། ཡིན་ནའང་དོ་བདག་ཕྱོགས་གཅིག་ལ་དབང་བའི་བདེན་དབང་ཡོད་རིགས་དེའི་ཁོངས་སུ་ཚུད་མེད།

དོན་ཚན་བཅུ་དྲུག་པ། མི་དམངས་ཁྲིམས་ཁང་གིས་བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའི་གཉེན་སྒྲིག་དེ་རྩིས་འགྲོ་མེད་པའི་གཉེན་སྒྲིག་ཏུ་བསྒྲགས་རྒྱུའི་གྱོད་དོན་འདྲི་གཅོད་བྱེད་དུས། རྒྱུ་ནོར་ཐག་གཅོད་ཀྱི་གནད་དོན་ལ་ཐུག་པ་ཡིན་ན། ཁྲིམས་མཐུན་གྱི་གཉེན་སྒྲིག་དོ་བདག་དེ་རང་བཙན་སྒོས་རེ་འདུན་ཞུ་དབང་ཡོད་པའི་སྐྱེ་བོ་གསུམ་པའི་ངོས་ནས་ཞུ་གཏུག་ལ་ཞུགས་པའི་ཆོག་མཆན་སྤྲོད་རྒྱུ། 

དོན་ཚན་བཅུ་བདུན་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་ནང་གི(ཁྱོ་ཤུག་གཉིས་ཀར་དབང་བའི་རྒྱུ་ནོར་རྣམས་འདྲ་མཉམ་ཐོག་ཐག་གཅོད་བྱེད་དབང་ཡོད)ཅེས་པའི་གཏན་འབེབས་དེ་གཤམ་གསལ་ལྟར་གོ་བ་ལེན་རྒྱུ།

(གཅིག)ཁྱོ་ཤུག་གཉིས་ཀའི་ཐུན་མོང་གི་རྒྱུ་ནོར་ཐག་གཅོད་བྱེད་པའི་ཁེ་དབང་འདྲ་མཉམ་ཡིན། དུས་རྒྱུན་གྱི་འཚོ་བའི་དགོས་མཁོའི་ཆེད་དུ་ཁྱོ་ཤུག་གཉིས་ཀའི་ཐུན་མོང་གི་རྒྱུ་ནོར་ཐག་གཅོད་བྱེད་དགོས་རིགས་ཡིན་ན། ཕྱོགས་གང་རུང་ལ་ཐག་གཅོད་བྱེད་དབང་ཡོད། 

(གཉིས)ཁྱོ་ཤུག་གིས་དུས་རྒྱུན་འཚོ་བའི་དགོས་མཁོའི་ཆེད་དུ་མ་ཡིན་པར་ཐུན་མོང་གི་རྒྱུ་ནོར་ཐག་གཅོད་བྱེད་རིགས་ཡིན་ན། ཁྱོ་ཤུག་ཕྱོགས་གཉིས་ཀས་འདྲ་མཉམ་སྒོས་གྲོས་མོལ་ཐོག་གྲོས་ཁ་མཐུན་པ་བྱ་རྒྱུ། མི་གཞན་གྱིས་རྒྱུ་མཚན་ཡོད་པའི་སྒོ་ནས་དོན་དེ་ཁྱོ་ཤུག་ཕྱོགས་གཉིས་ཐུན་མོང་གི་བློ་མོས་ཡིན་པར་ཡིད་ཆེས་བྱེད་རིགས་ཡིན་ན། ཕྱོགས་ཅིག་ཤོས་ཀྱིས་མོས་མཐུན་མེད་པའམ་མི་ཤེས་པ་རྒྱུ་མཚན་བྱས་ནས་དྲང་བཞག་གི་སྐྱེ་བོ་གསུམ་པ་ལ་ངོ་རྒོལ་བྱས་མི་ཆོག

དོན་ཚན་བཅོ་བརྒྱད་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་དགུ་པར་བསྟན་པའི(ཁ་དན་བཞག་པའམ་སྐྱེ་བོ་གསུམ་པས་ཤེས་པའི་གྲས)ཡིན་ན། ཁྱོ་ཤུག་ཕྱོགས་གཅིག་ལ་དེ་དོན་བདེན་སྒྲུབ་བྱེད་པའི་འགན་འཁུར་ཡོད།

དོན་ཚན་བཅུ་དགུ་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅོ་བརྒྱད་པའི་ནང་ཁྱོ་ཤུག་ཕྱོགས་གཅིག་པུའི་རྒྱུ་ནོར་ཡིན་པར་གཏན་འབེབས་བྱས་རིགས་ནི། ཁྱོ་ཤུག་གི་འབྲེལ་བ་རྒྱུན་མཐུད་བྱུང་བའི་དབང་གིས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་དུ་མི་འགྱུར་བ་ཡིན། ཡིན་ནའང་དོ་བདག་བར་ཁོལ་དུ་ཁ་དན་བཞག་ཡོད་རིགས་དེའི་ཁོངས་སུ་མི་གཏོགས།

དོན་ཚན་ཉི་ཤུ་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཉི་ཤུ་པའི་ནང་གཏན་འབེབས་བྱས་པའི(འཚོ་ཐབས་རང་མགོ་མ་ཐོན་པའི་ཕྲུ་གུ)ཞེས་པ་ནི་མཐོ་འབྲིང་ངམ་དེའི་མན་གྱི་སློབ་གསོ་མྱོང་བཞིན་པའི་ཕྲུ་གུའམ། ཡང་ན་ངལ་རྩོལ་ནུས་པ་ཉམས་པའམ་ངལ་རྩོལ་ནུས་པ་ཆ་ཤས་ཉམས་པ་སོགས་རང་སྣང་གི་རྒྱུ་རྐྱེན་མིན་པའི་ཐོག་ནས་རྒྱུན་ལྡན་གྱི་འཚོ་བ་སྐྱོང་ཐབས་བྲལ་བའི་བུ་བུ་མོ་དར་མ་ལ་གོ

དོན་ཚན་ཉེར་གཅིག་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གཅིག་པར་བསྟན་པའི(གསོ་རྟེན)ཞེས་པར་ཕྲུ་གུའི་འཚོ་རྟེན་དང་། སློབ་ཡོན། སྨན་ཡོན་སོགས་འགྲོ་སོང་ཚུད་ཡོད།

དོན་ཚན་ཉེར་གཉིས་པ། མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་བའི་གྱོད་དོན་འདྲི་གཅོད་བྱེད་དུས། དོན་ཚན་སོ་གཉིས་པའི་ནང་ཚན་གཉིས་པའི་ནང་གཏན་འབེབས་བྱས་པའི(བཟའ་ཚང་ཁ་བྲལ་དུ་འཇུག་དགོས)ཞེས་པའི་གནས་ཚུལ་དང་མཐུན་རིགས་ནི། དོ་བདག་ལ་བྱས་འཛོལ་ཡོད་པའི་རྒྱུ་མཚན་གྱིས་བཟའ་ཚང་ཁ་བྲལ་བྱེད་མི་ཆོག་པའི་དཔྱད་མཚམས་གཏོང་མ་འོས།

དོན་ཚན་ཉེར་གསུམ་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་སོ་གསུམ་པར་བསྟན་པའི་(དམག་མིའི་ཕྱོགས་ལ་ནོར་འཛོལ་ཆེན་པོ་ཡོད་རིགས)ཞེས་པ་ནི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་སོ་གཉིས་པའི་ནང་གསེས་གསུམ་པའི་ཁག་སྔོན་མ་གསུམ་པོའི་གཏན་འབེབས་དང་། དམག་མི་ལ་ཁྱོ་ཤུག་གི་བརྩེ་དུང་ཆད་དུ་འཇུག་པའི་དེ་མིན་གྱི་ནོར་འཛོལ་ཚབས་ཆེན་གཞན་དག་ཡོད་པའི་གནས་ཚུལ་ལ་གཞི་བཅོལ་ནས་བརྡར་ཤ་གཅོད་དགོས།

དོན་ཚན་ཉེར་བཞི་བ། མི་དམངས་ཁྲིམས་ཁང་གིས་བཅད་པའི་ནུས་པ་ཐོན་ཟིན་པའི་བཟའ་ཚང་ཁ་བྲལ་བའི་དཔྱད་མཚམས་ནང་དུ་ཐུག་འཕྲད་ཁེ་དབང་གི་སྐོར་གླེང་མེད་པས། དོ་བདག་གིས་ཐུག་འཕྲད་་ཁེ་དབང་གི་གནད་དོན་ངོས་ནས་ཞུ་གཏུག་བྱས་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་དེ་དོན་བདག་སྤྲོད་བྱེད་དགོས།

དོན་ཚན་ཉེར་ལྔ་བ། དོ་བདག་གིས་ནུས་པ་ཐོན་ཟིན་པའི་དཔྱད་མཚམས་དང་བཀའ་ཆད་དམ་ཡང་ན་འདུམ་ཡིག་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ཐུག་འཕྲད་ཁེ་དབང་སྤྱོད་མཚམས་འཇོག་རྒྱུའི་རེ་འདུན་བཏོན་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་ཕྱོགས་གཉིས་ཀའི་བསམ་འཆར་བསྡུ་ལེན་བྱས་རྗེས་ཐུག་འཕྲད་ཁེ་དབང་མཚམས་འཇོག་དགོས་པར་འདོད་པའི་གྲས་ཡིན་ན་མཚམས་འཇོག་དགོས་པའི་ཐག་གཅོད་བྱེད་དགོས། ཐུག་འཕྲད་བྱེད་མཚམས་འཇོག་དགོས་པའི་གནས་ཚུལ་མེད་པ་ཆགས་ཚེ། མི་དམངས་ཁྲིམས་ཁང་གིས་དོ་བདག་གི་རེ་འདུན་ལྟར་ཁོ་ལ་ཐུག་འཕྲད་བྱེད་དབང་སྤྱོད་རྒྱུ་སླར་གསོ་བྱས་ཚུལ་བརྡ་སྦྱོར་གཏོང་དགོས།

དོན་ཚན་ཉེར་དྲུག་པ། ནར་མ་སོན་པའི་ཕྲུ་གུ་དང་ཐད་ཀར་ཕྲུ་གུ་གསོ་འགན་འཁུར་བའི་ཕའམ་མ་དང་། དེ་བཞིན་ནར་མ་སོན་པའི་ཕྲུ་གུ་གསོ་བ་དང་སློབ་གསོ་གཏོང་བའི་འོས་འགན་འཁུར་མཁན་གྱི་ཁྲིམས་བཀོད་ལྟ་སྐྱོང་བ་བཅས་ལ་མི་དམངས་ཁྲིམས་ཁང་ལ་ཐུག་འཕྲད་ཁེ་དབང་མཚམས་འཇོག་དགོས་པའི་རེ་འདུན་ཞུ་དབང་ཡོད།

དོན་ཚན་ཉེར་བདུན་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་གཉིས་པར་བསྟན་པའི་(ཕྱོགས་གཅིག་གི་འཚོ་བར་དཀའ་ངལ་ཡོད་པ)ཞེས་པ་ནི། རང་ཉིད་ཀྱི་རྒྱུ་ནོར་དང་བཟའ་ཚང་ཁ་བྲལ་སྐབས་བགོ་སྐལ་ཐོབ་པའི་རྒྱུ་ནོར་གྱིས་ས་གནས་དེའི་གའི་གཞི་རྩའི་འཚོ་བའི་ཆུ་ཚད་སྐྱོང་དཀའ་བ་ལ་གོ

ཕྱོགས་གཅིག་ལ་བཟའ་ཚང་ཁ་བྲལ་རྗེས་སྡོད་ས་ཁང་པ་མེད་པ་ནི་འཚོ་བའི་དཀའ་ངལ་ལ་བརྩི་རྒྱུ།

བཟའ་ཚང་ཁ་བྲལ་བྱེད་དུས་ཕྱོགས་གཅིག་གིས་རང་ཉིད་ཀྱི་རྒྱུ་ནོར་ཁྲོད་ཀྱི་སྡོད་ཁང་སྤྱད་དེ་འཚོ་བ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོར་བྱེད་སྟངས་ནི། སྡོད་ཁང་གི་འདུག་དབང་ངམ་སྡོད་དབང་གི་བདག་དབང་ཡིན་ཆོག

དོན་ཚན་ཉེར་བརྒྱད་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་དྲུག་པའི་ནང་གཏན་འབེབས་བྱས་པའི(གུན་གསབ་འཇལ་བ)ཞེས་པའི་ནང་དུ་དངོས་པའི་གུན་གསབ་འཇལ་བ་དང་བསམ་པའི་གུན་གསབ་འཇལ་བ་གཉིས་ཚུལ་ཡོད། བསམ་པའི་གུན་གསབ་འཇལ་དགོས་རིགས་ཅན་ཡིན་ན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《དམངས་དོན་དབང་གནོད་ལས་བསམ་པའི་གུན་གསབ་འཇལ་བའི་ཁག་འགན་གཏན་འཁེལ་བྱེད་པའི་གནད་དོན་འགའི་སྐོར་གྱི་འགྲེལ་བཤད》ཀྱི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།

དོན་ཚན་ཉེར་དགུ་བ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་དྲུག་པར་གཏན་འབེབས་བྱས་པའི་གུན་གསབ་འཇལ་བའི་འགན་འཁུར་མཁན་གྱི་བདག་གཞི་ནི་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་སྦྱོར་དོ་བདག་ནང་གི་ནོར་འཛོལ་མེད་པའི་བཟའ་ཚང་ཡིན་དགོས།

མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་བྱེད་མི་ཆོག་པར་དཔྱད་མཚམས་བཏང་པའི་གྱོད་དོན་ཡིན་ན། དོ་བདག་གིས་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་དྲུག་པ་གཞིར་བཟུང་ནས་བཏོན་པའི་གུན་གསབ་འཇལ་བའི་རེ་འདོད་ཞུས་དོན་ལ་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་མི་བྱེད།

གཉེན་སྒྲིག་གི་འབྲེལ་བ་ཡོད་མུས་སུ་དོ་བདག་གིས་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་མི་བྱེད་པར་ཕྱོགས་གཅིག་པུས་གོང་གསལ་གཏན་འབེབས་ལྟར་གུན་གསབ་འཇལ་བའི་རེ་འདུན་ཞུས་རིགས་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་མི་བྱེད།

དོན་ཚན་སུམ་ཅུ་པ། མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་རྒྱུའི་གྱོད་དོན་བདག་སྤྲོད་བྱེད་དུས། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་དྲུག་པ་སོགས་སུ་གཏན་འབེབས་བྱས་པའི་དོ་བདག་གི་འབྲེལ་ཡོད་ཁེ་དབང་དང་འོས་འགན་ཁག་ཡིག་ཐོག་ནས་དོ་བདག་ལ་གསལ་བཤད་བྱེད་དགོས། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་དྲུག་པ་སྤྱོད་དུས། གཤམ་གྱི་གནས་ཚུལ་མི་འདྲ་བ་ཁག་དབྱེ་འབྱེད་བྱ་རྒྱུ།

(གཅིག)གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་དྲུག་པའི་གཏན་འབེབས་དང་མཐུན་པའི་ནོར་འཛོལ་མེད་པའི་ཕྱོགས་དེས་ཞུ་སྦྱོར་སྔ་མའི་ངོས་ནས། གཏན་འབེབས་དེ་གཞིར་བཟུང་ནས་མི་དམངས་ཁྲིམས་ཁང་ལ་གུན་གསབ་འཇལ་བའི་རེ་འདུན་འདོན་ན། ངེས་པར་དུ་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་དང་མཉམ་དུ་འདོན་དགོས།

(གཉིས)གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་དྲུག་པའི་གཏན་འབེབས་དང་མཐུན་པའི་ནོར་འཛོལ་མེད་པའི་ཕྱོགས་དེ་ཞུ་སྦྱོར་ཕྱི་མ་ཡིན་པའི་བཟའ་ཚང་ཁ་བྲལ་རྒྱུའི་གཏུག་བཤེར་གྱོད་དོན་ཡིན་ན། གལ་ཏེ་ཞུ་སྦྱོར་ཕྱི་མ་བཟའ་ཚང་ཁ་བྲལ་རྒྱུར་མོས་མཐུན་མེད་པ་དང་། གཏན་འབེབས་དེ་གཞིར་བཟུང་ནས་གུན་གསབ་འཇལ་བའི་རེ་འདུན་ཡང་མ་བཏོན་ཚེ། བཟའ་ཚང་ཁ་བྲལ་རྗེས་ཀྱི་ལོ་གཅིག་ནང་ཚུན་དུ་དེ་དོན་གཅིག་པུའི་སྐོར་གྱི་གཏུག་བཤེར་བྱས་ཆོག

(གསུམ)ནོར་འཛོལ་མེད་པའི་ཕྱོགས་དེ་ཞུ་སྦྱོར་ཕྱི་མ་ཡིན་པའི་བཟའ་ཚང་ཁ་བྲལ་རྒྱུའི་གཏུག་བཤེར་གྱོད་དོན་ཡིན་ན། འདྲི་གཅོད་དང་པོའི་སྐབས་སུ་ཞུ་སྦྱོར་ཕྱི་མས་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་དྲུག་པའི་གཏན་འབེབས་ལྟར་གུན་གསབ་འཇལ་བའི་རེ་འདུན་མ་བཏོན་པ་དང་། འདྲི་གཅོད་གཉིས་པའི་སྐབས་སུ་བཏོན་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་སྐབས་ཐོག་དེར་འདུམ་ཐབས་བྱེད་དགོས་ལ། འདུམ་མ་ཐུབ་པའི་རིགས་ཡིན་ན་བཟའ་ཚང་ཁ་བྲལ་རྗེས་ཀྱི་ལོ་གཅིག་ནང་ཚུན་ལ་ཁོལ་དུ་གཏུག་བཤེར་བྱས་ཆོག  ཚུལ་དེ་དོ་བདག་ལ་གསལ་བཤད་བྱེད་དགོས།

དོན་ཚན་སོ་གཅིག་པ། དོ་བདག་གིས་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་བདུན་པའི་གཏན་འབེབས་ལྟར་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་ཞུས་ཏེ། ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡང་བསྐྱར་བགོ་བཤའ་རྒྱག་པའི་རེ་འདུན་ཞུ་བའི་གཏུག་བཤེར་གྱི་ནུས་ཡོད་དུས་བཀག་ནི་ལོ་གཉིས་ཡིན་ལ། ཉིན་གྲངས་ནི་དོ་བདག་གིས་ཤེས་གསལ་བྱུང་བའི་ཕྱི་ཉིན་ནས་བཟུང་རྩི་དགོས།

དོན་ཚན་སོ་གཉིས་པ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་བརྒྱད་པར་ཕྲུ་གུ་ཐུག་འཕྲད་སོགས་པའི་སྐོར་གྱི་དཔྱད་མཚམས་སམ་བཀའ་བཅད་བཏང་དོན་ལ་ལག་ལེན་མི་བྱེད་པའི་རིགས་ལ་མི་དམངས་ཁྲིམས་ཁང་གིས་ཁྲིམས་མཐུན་ལྟར་བཙན་ཤེད་ཀྱིས་ལག་ལེན་བསྟར་དུ་འཇུག་དགོས་ཞེས་པ་ནི། ཕྱོགས་ཅིག་ཤོས་ལ་ཐུག་འཕྲད་བྱེད་པའི་ཁེ་དབང་སྤྱོད་པར་རོགས་རམ་བྱེད་འདོད་གཏན་ནས་མེད་མཁན་གྱི་མི་སྒེར་དང་ལས་ཁུངས་ལ་བཀག་སྡོམ་དང་དངུལ་ཆད་གཅོད་པ་སོགས་བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་དགོས་པར་གོ་དགོས་ལ། ཕྲུ་གུའི་མི་ལུས་དང་ཐུག་འཕྲད་བྱ་སྤྱོད་ལ་ནི་བཙན་ཤེད་ཀྱི་ལག་བསྟར་སྤྱོད་མི་ཆོག

དོན་ཚན་སོ་གསུམ་པ། གཉེན་སྒྲིག་བཅའ་ཁྲིམས་བཟོ་བཅོས་བྱས་རྗེས་སུ་འདྲི་གཅོད་བྱེད་བཞིན་པའི་གཉེན་སྒྲིག་དང་ཁྱིམ་ཚང་གི་གྱོད་དོན་གྱི་འདྲི་གཅོད་དང་པོ་དང་འདྲི་གཅོད་གཉིས་པ་ཚང་མར་བཟོ་བཅོས་བརྒྱབ་ཟིན་པའི་གཉེན་སྒྲིག་བཅའ་ཁྲིམས་སྤྱད་འཐུས། དེ་སྔ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བཏོན་པའི་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་དེ་འགྲེལ་བཤད་འདི་ག་དང་འགལ་བ་ཡོད་རིགས་ལ་འགྲེལ་བཤད་འདི་ཉིད་གཞིར་འཛིན་དགོས།

དོན་ཚན་སོ་བཞི་པ། འགྲེལ་བཤད་འདི་སྤྱི་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།