མཚན་ཉིད་རིག་པ་དང་བསམ་བློའི་ཡོ་ལང་།སྔ་མའི་པར་གཞི་དེ གཡང་སྒྲོལ་མ།  ནས 2015-08-21 11:39ལ་འགྲུབ།

མཚན་ཉིད་རིག་པ་དང་བསམ་བློའི་ཡོ་ལང་།

མཚན་ཉིད་རིག་པ་དང་བསམ་བློའི་ཡོ་ལང་།
མཚན་ཉིད་རིག་པའི་ལྟ་བ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་རེད་ལ། དེ་ནི་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་སྟེང་གྲུབ་པར་བཤད། ཡོ་རོབ་གླིང་ལ་མཚོན་ནའང་། ཕེ་ཀིན་ལགས་ནས་ཏི་ཁ་ཨར་དང་། འཇར་མན་གྱི་གནའ་དཔེ་རིང་ལུགས་པ་ནས་དེང་རབས་ཀྱི་མཚན་ཉིད་རིག་པའི་བར། སྟོང་བསམ་སྤྱི་ཚོགས་རིང་ལུགས་ནས་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བར་བཅས་སྔ་གཞུག་མ་ལུས་པ་ཚན་རྩལ་དང་ཤེས་རིག་འཕེལ་རྒྱས་ཀྱི་འབྲས་བུར་མ་མཐོང་པ་མེད་ལ། མིའི་རིགས་ཀྱི་སྣོད་དང་བཅུད་ཀྱི་ངོས་ཟིན་མཐའ་དག་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་བ། ལྐོག་གྱུར་ནས་མངོན་སུམ་དང་། མངོན་སུམ་ནས་ཚད་མར་གྲུབ་པའི་གོ་རིམ་མ་བརྒྱུད་པ་མེད་དོ།།
1 ཕེ་ཀིན་དང་ཏི་ཁ་ཨར།

ཕེ་ཀིན་ནི་དབྱིན་ཇིའི་མ་རྩ་གྲལ་རིམ་གྱི་བསམ་བློ་པ་དང་། དབྱིན་ཇིའི་དངོས་གཙོ་རིང་ལུགས་སྨྲ་བ་དང་། དེང་རབས་ཚོད་ལྟ་ཚན་རིག་གི་ཤིང་རྟའི་སྲོལ་འབྱེད་དུ་བསྔགས་པ་རེད། ཁོང་ལྟར་ན། ཕྱི་རོལ་ཡུལ་ནི་ཡུལ་ཅན་རང་ལ་མ་བརྟེན་པའི་གཞི་གྲུབ་ཀྱི་འཇིག་རྟེན་ཞིག་ཏུ་འདོད་ཅིང་། རང་བྱུང་ཆོས་ཉིད་ཀྱང་བདེན་གྲུབ་ཏུ་ཡོད་པར་སྨྲ། མཚན་ཉིད་རིག་པའི་ནང་དོན་གཙོ་བོ་ནི་མི་རྣམས་ཀྱི་ཤེས་རབ་དང་བློ་གྲོས་ཀྱི་འཇུག་པ་སྔོན་དུ་སོང་སྟེ། རང་བྱུང་ཆོས་ཉིད་ཁོང་དུ་ཆུད་པར་བྱ་དགོས་པ་དང་། ཁོང་དུ་ཆུད་ནས་ཀྱང་མིའི་རིགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེའོ།། ཁོང་གིས་གསུངས་དོན། མིའི་རིགས་ཀྱི་ཤེས་བྱ་དང་སྟོབས་ཤུགས་ནི་སྦྲགས་མར་གནས་པ་སྟེ། རང་བྱུང་ཆོས་ཉིད་རྟོགས་པར་གྱུར་ན་ནི། ད་གཟོད་མིའི་རིགས་རང་བྱུང་ཁམས་འདུལ་སྦྱོང་བྱ་ཐུབ་པ་དང་། འདུལ་སྦྱོང་བྱས་པས་ནི་མིའི་རིགས་སྟོབས་ཤུགས་དང་ལྡན་པར་འགྱུར་ཏེ། ཤེས་བྱ་ནི་སྟོབས་ཤུགས་ཉག་གཅིག་གོ་ཞེས་པའི་ལེགས་བཤད་རྨད་དུ་བྱུང་བ་འདི་མཛད་པ་རེད།

ཁོང་གིས་རང་ལྟ་རྒྱུན་འཛིན་བྱེད་པ་ལས་དབང་གྲགས་ལ་རྨོངས་དད་བྱ་མི་རུང་བ་དང་། དངོས་བརྒྱུད་ཀྱི་ཉམས་མྱོང་གང་རུང་གཞིར་བཞག་གིས་རང་བྱུང་དང་དངོས་ཡོད་ཀྱི་སྣང་ཚུལ་ཅི་རིགས་ལ་རྟོག་འཇུག་བྱེད་པ་ལས། འཁྲུལ་ཞེན་དང་ལོག་ལྟ། རྨོངས་དད་སོགས་ནི་ཚན་རིག་གི་བཀག་རྡོ་ལྟ་བུར་གསུངས། ཁོང་གིས་ད་དུང་། ཕྱོགས་བསྡོམས་དང་དབྱེ་ཞིབ། གཤིབ་བསྡུར། རྟོག་དཔྱོད། ཚོད་ལྟ་བཅས་ནི་ཚན་རིག་གི་ཐབས་ལམ་འབའ་ཞིག་ཏུ་ཆེས་ཐོག་མར་གསུངས་པའོ།། ཁོང་གི་གསུངས་རྩོམ་གྲགས་ཅན་ལ། 《རིག་གཞུང་གི་འཕེལ་རྒྱས》ཞེས་པ་དང་། 《ལག་ཆ་གསར་པ》ཞེས་པ། 《ཚན་རིག་གི་རིན་ཐང་དང་འཕེལ་རྒྱས》ཞེས་པ་བཅས་བཞུགས།

ཁོང་དང་མཉམ་པའི་མཁས་པ་ནི་ཏི་ཁ་ཨར་ཞུ་བ་པོ་སྟེ། ཏི་ཁ་ཨར་མཆོག་ནི་ཧྥ་རན་སེའི་མཚན་ཉིད་རིག་པ་བ་དང་རང་བྱུང་ཚན་རིག་པ། དཔྱོད་ཤེས་སྨྲ་བའི་ཁྱུ་མཆོག་ཏུ་བགྲང་། ཁོང་གིས་དོགས་སློང་ནི་ཤེས་བྱ་ཀུན་གྱི་རྩ་བ་ཡིན་པའི་མཚན་ཉིད་ཀྱི་ལྟ་དགོངས་མཛད་པ་རེད། ཡིན་ནའང་། དོགས་སློང་བྱེད་ཀྱིན་པའི་བདག་ད་ལྟ་བ་དེར་དོགས་སློང་འཇུག་པ་མིན་ཞེས་གསུངས། པེ་ཀིན་ལགས་དང་བསྡུར་ན། མཁས་པ་ཁོང་ཉིད་ནས་དཔྱོད་ཤེས་ཀྱི་རྒྱལ་པོར་རྟོན་པ་ལས་ཉམས་མྱོང་རྒན་པོར་ཡིད་ཆེས་དེ་འདྲ་འཕེར་བ་མེད། ཁོང་ལྟར་ན། ཤེས་བྱ་ནི་རང་ཚོར་གྱི་ཉམས་མྱོང་ལས་ཐོབ་པ་མིན་པར་དཔྱོད་ཤེས་ཀྱི་སྟོབས་ཤུགས་ལས་འཁྲུངས་པ་དང་། དཔྱོད་ཤེས་ལས་འཁྲུངས་པའི་ཤེས་བྱ་ན་ད་གཟོད་ཚད་མར་གྲུབ་པར་གསུངས།

2 འཇར་མན་གྱི་གནའ་དཔེ་རིང་ལུགས།

དུས་རབས་བཅུ་དགུ་པར་འཇར་མན་གྱི་མཚན་ཉིད་རིག་པ་དེ་འཕེལ་རྒྱས་ཀྱི་རྩེ་མོར་སོན་པ་དང་། འཛམ་གླིང་གི་རྒྱན་དུ་གྱུར་པའི་བསམ་བློ་པ་དང་མཚན་ཉིད་སྨྲ་བ་མང་དུ་བྱོན་མྱོང་།

ཁང་ཏི་ལགས་ནི་འཇར་མན་གྱི་གནའ་དཔེ་རིང་ལུགས་པའི་སྲོལ་བཏོད་པ་པོ་ཡིན། དུས་རབས་བཅོ་བརྒྱད་པའི་ལོ་རབས་བདུན་ཅུ་པའི་སྔ་རོལ་ཏུ། ཁོང་གིས་རང་བྱུང་ཚན་རིག་ལ་ཞིབ་འཇུག་བྱེད་པ་གཙོ་གནད་དུ་བཟུང་བ་དང་། དེའི་འཕྲོ་ནས་མཚན་ཉིད་རིག་པར་ཐུགས་གཞིག་གནང་མགོ་ཚུགས་ཏེ། 《དོན་དམ་དཔྱོད་ཤེས་སྨྲ་བ》ཞེས་པ་དང་། 《ལག་ལེན་དཔྱོད་ཤེས་སྨྲ་བ》ཞེས་པ། 《བདེན་དོན་བརྡར་བ》ཞེས་པའི་གཞུང་གྲགས་ཆེན་མང་དུ་མཛད། ཁོང་ལྟར་ན། མིའི་འདུ་ཤེས་ལས་ལོགས་པའི་གཞི་གྲུབ་ཀྱི་འཇིག་རྟེན་ཞིག་ཡོད་པ་དང་། འཇིག་རྟེན་དེ་ནི་མིའི་བློའམ་འདུ་ཤེས་ཀྱིས་གཞན་དུ་མེད་པའི་ཕ་རོལ་གྱི་འཇིག་རྟེན་ཞིག་ཡིན་པར་གསུངས། ཚད་ཡོད་ཀྱི་བློ་དང་གཞལ་མེད་ཀྱི་འཇིག་རྟེན་དེ་གཉིས་རྨང་གཞི་བྱས་ཏེ། ཁོང་གིས་ཆོས་ཉིད་ནང་འགལ་ཞེས་པའི་རྩོད་སྒྲུབ་ཀྱི་ལྟ་བ་བཏོན་པ་རེད། དཔེར་ན། སྔ་རྒོལ་གྱིས་འཇིག་རྟེན་ནི་དུས་ཀྱི་ཐད་ནས་ཐོག་མ་ཡོད་པ་དང་སའི་དབང་དུ་བཤད་ན་མཐའ་ཡོད་པ་དང་། ཕྱི་རྒོལ་གྱིས་འཇིག་རྟེན་འདི་ཡུལ་དུས་གཉིས་ཐད་ནས་ཐོག་མཐའ་མེད་པར་སྨྲ་བ་ལྟ་བུའོ།།

ཁང་ཏི་སྐུ་གཤེགས་པ་དང་། དེ་ནས་ཧྥེ་ཤི་ཐི་དང་ཤེར་ལེན་སོགས་བརྒྱུད་མཐར་ཧེ་ཀེར་གྱི་དུས་སུ་བསླེབས་པ་ན། གནའ་དཔེ་རིང་ལུགས་ཀྱི་མཚན་ཉིད་རིག་པ་དེ་འཕེལ་རྒྱས་ཀྱི་རྩེ་མོའི་རྩེ་མོར་སོན།

ཧེ་ཀེར་ལགས་ཀྱི་བྱས་རྗེས་ཆེན་པོ་ནི་ཁོང་གི་རྩོད་སྒྲུབ་རིགས་པ་སྟེ། ཡོ་རོབ་གླིང་གི་ལོ་རྒྱུས་སྟེང་། ཁོང་གིས་ཆེས་ཐོག་མར་སྣོད་བཅུད་ཀྱི་འཇིག་རྟེན་འདི་ནི་ནམ་ཡང་འགུལ་སྐྱོད་དང་འགྱུར་ལྡོག་དང་བསྒྱུར་བཀོད་དང་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་གནས་པར་གསུངས། ལྷག་པར་དུ་ཡང་། རྩོད་སྒྲུབ་ཀྱི་རིགས་པར་བརྟེན་ནས་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ཇི་ལྟ་བུར་ངོས་འཛིན་གནང་སྟེ། མི་དང་རང་བྱུང་ཁམས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་ཤིང་ཆགས་ཡོད་པར་གསུངས། དེར་མ་ཟད། ཁོང་གིས་རྩོད་སྒྲུབ་ཀྱི་རིགས་པར་བརྟེན་ནས་མིའི་རིགས་ཀྱི་ལོ་རྒྱུས་ལ་གསེད་འགྲོལ་གནང་བ་སྟེ། ངལ་རྩོལ་ནི་མིའི་རིགས་འཕེལ་རྒྱས་ཀྱི་ཐབས་དམ་པ་ཡིན་ལ། མིའི་རིགས་འཕེལ་རྒྱས་སུ་ཕྱིན་པ་དེས་ད་གཟོད་ལོ་རྒྱུས་ཀྱི་བརྗོད་བྱ་གྲུབ་པར་གསུངས་སོ།།

3 དེང་རབས་མཚན་ཉིད་རིག་པའི་མགོ་ཁུངས།

དུས་རབས་བཅུ་དགུ་པའི་ལོ་རབས་བཞི་བཅུ་པའི་རྗེས་སུ་བྱུང་པའི་དངོས་སྒྲུབ་རིང་ལུགས་དང་། འདོད་འདུན་སྨྲ་བའི་གྲུབ་མཐའ་གཉིས་ནི་དེང་རབས་མཚན་ཉིད་རིག་པའི་མགོ་ཁུངས་ལྟ་བུར་ཀུན་གྱིས་ཐུན་མོང་དུ་ཁས་ལེན་པ་རེད།

དེ་ཡང་། དངོས་སྒྲུབ་རིང་ལུགས་ཀྱིས་དེང་རབས་མཚན་ཉིད་རིག་པའི་དབུ་ཁྱུད་བྲིས་པ་དང་། འབྲི་བ་པོ་ནི་ཧྥ་རན་སེ་རྒྱལ་ཁབ་ཏུ་སྐུ་འཁྲུངས་པའི་ཁོན་ཏི་ལགས་རེད། དངོས་སྒྲུབ་ཅེས་པའི་ཐོག་མའི་གོ་དོན་ནི་བདེན་པའམ་ཁུངས་འཕེར་ཞེས་པ་དང་གཅིག་མཚུངས་སུ་འདུག སྐབས་ཐོག་དེར། ཚོད་ལྟའི་ལག་ལེན་བརྒྱུད་པའི་རང་བྱུང་ཚན་རིག་ལ་མི་རྣམས་ཀྱིས་དངོས་སྒྲུབ་ཚན་རིག་ཅེས་སུ་འབོད་པ་དང་། ཁོན་ཏི་ལགས་ནས་མིང་ཚིག་དེ་བེད་སྤྱོད་བྱས་ཤིང་། རང་ཉིད་ནི་ཚན་རིག་དང་མཐུན་པའི་མཚན་ཉིད་སྨྲ་མཁན་ཡིན་ཞེས་གསུངས། ཁོང་གིས་མིའི་རིགས་ཀྱི་ལོ་རྒྱུས་ནི་རྨོངས་དད་ཀྱི་གནས་སྐབས་དང་། གསང་བ་ལྐོག་གྱུར་གྱི་གནས་སྐབས་དང་། མཇུག་མཐར་ཚན་རིག་གི་གནས་སྐབས་སུ་སླེབས་པར་འདོད་པ་དང་། རྟོག་དཔྱོད་དང་ཉམས་མྱོང་ལས་ཐོབ་པའི་ཤེས་བྱ་ནི་ད་གཟོད་བདེན་པ་དང་བདེན་ཐུབ་དང་ཁུངས་འཕེར་ཡིད་རྟོན་གྱི་གནས་སུ་རུང་བར་གསུངས། དེ་ལ་ཡང་ནང་གསེས་སུ་སེམས་ཁམས་དངོས་སྒྲུབ་རིང་ལུགས་དང་ཚན་རིག་དངོས་སྒྲུབ་རིང་ལུགས། ཁྲིམས་ལུགས་དངོས་སྒྲུབ་རིང་ལུགས། གཏན་ཚིགས་དངོས་སྒྲུབ་རིང་ལུགས་སོགས་ནང་གསེས་ཀྱི་དབྱེ་བ་མང་དུ་མཆིས་མོད་འདིར་སྤྲོ་བར་མ་ནུས་སོ།།

ཧྲོ་པིན་ཧྭ་ནི་འཇར་མན་གྱི་མཚན་ཉིད་རིག་པ་གྲགས་ཅན་ཞིག་ཡིན་ལ། ཁོང་གི་བསམ་བློར་ནང་བསྟན་ཆོས་ལུགས་ཀྱི་ཤན་ཤུགས་ངེས་ཅན་ཐེབས་འདུག ཁོང་གིས་མི་ཚེ་ནི་སྡུག་བསྔལ་ཡིན་པ་དང་། སྡུག་བསྔལ་གྱི་རྒྱུ་ནི་ཚེ་སྲོག་གི་འདོད་འདུན་ཡིན་ཏེ། མིའི་འདོད་འདུན་ཇི་ལྟར་ཆེ་ན་སྡུག་བསྔལ་དེ་ལྟར་ཇེ་ཆེར་འགྲོ་བ་རེད་གསུངས། སྡུག་བསྔལ་དེ་དག་སེལ་དགོས་ན་ངེས་པར་འདོད་འདུན་དེའི་རིགས་སྤང་དགོས་པ་དང་། གནས་སྐབས་སུ། སྒྱུ་རྩལ་གསར་རྩོམ་དང་རོལ་མྱོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྐད་ཅིག་གི་སྡུག་བསྔལ་སེལ་བ་ཡོད་ཀྱི། འོན་ཀྱང་མཐར་ཐུག་གི་བདེ་བ་འདོད་ན་དུས་ནམ་ཡང་དགེ་སེམས་ལ་གཞོལ་བ་དང་འདོད་ཆགས་ཞེ་སྡང་གཏི་མུག་སོགས་སྤོང་བ་དང་། གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པར་འབད་དགོས་པར་བསྟན་འདུག ཁོང་གི་བརྩམས་ཆོས་གྲགས་ཅན་ལ། 《འདོད་འདུན་དང་རྟོག་སྣང་གི་འཇིག་རྟེན》ཞེས་པ་བཞུགས་ཤིང་། ཚེ་སྨད་དང་སྐུ་གཤེགས་རྗེས་ད་གཟོད་འཛམ་པོ་གླིང་ལ་སྐད་གྲགས་བྱུང་ཞིང་དར་ཁྱབ་དུ་སོང་། རྗེས་འཇུག་གི་མཁས་པའང་ནེ་ཆཱ་དང་སྭ་ཐི་སོགས་བགྲང་གིས་མི་ལང་བ་བྱོན་པར་གྱུར།

ནེ་ཆཱ་ལགས་ནི་འཇར་མན་གྱི་གྲོང་གསེབ་ཅིག་ཏུ་སྐུ་འཁྲུངས་ཤིང་། མིང་དུ་གྲགས་པའི་བསམ་བློ་པ་དང་མཚན་ཉིད་རིག་པ་བ་ཡིན། ཁོང་ཉིད་ནས་ཧྲོ་པིན་ཧྭ་ལགས་ཀྱི་མཚན་ཉིད་ཀྱི་ལྟ་དགོངས་རྒྱུན་འཛིན་གནང་བ་དང་ཆབས་ཅིག དབང་ཤུགས་བརྩོན་ལེན་བྱེད་པ་ནི་ཚེ་སྲོག་གི་འདོད་འདུན་ཆེ་ཤོས་ཡིན་པར་གསུངས། ཁོང་ལྟར་ན། དཔོན་པོ་དང་གཡོག་པོ། དཔའ་བོ་དང་སྡར་མ། སྟོབས་ལྡན་དང་ཉམ་ཆུང་བར་གྱི་རྩོད་པ་ནི་ལོ་རྒྱུས་ཀྱི་ནང་དོན་གལ་ཆེན་ཡིན་པ་རེད་ལ། ང་ཚོས་ངེས་པར་ཧུར་ཐག་འབད་ཐག་སྒོས་རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་དགོས་པར་གསུངས། ཁོང་གིས་ད་དུང་། མིའི་རིགས་ཀྱི་ལོ་རྒྱུས་དེ་དུས་ནམ་ཞར་ཞིག་ལ་རྒུད་པ་དང་ཉམས་པ་དང་འཇིག་པའི་ལམ་དུ་འགྲོ་ངེས་ཤིང་། དེའི་དུས་མི་སྟོབས་པོ་ཆེ་དག་ལ་བརྟེན་ནས་འཇིག་རྟེན་སྐྱོབ་དགོས་པར་བསྟན་ཡོད། ཁོང་གི་དགོངས་པ་དེས་དུས་ཕྱིས་ཀྱི་ནཱ་ཙིའི་དབང་སྒྱུར་པ་རྣམས་ལའང་ཤན་ཤུགས་ཐེབས་པར་སྨྲའོ།།

4 སྟོང་བསམ་སྤྱི་ཚོགས་རིང་ལུགས།

ཧྥ་རན་སེའི་ཧྲིན་ཤིས་མིན་དང་ཧྥུ་ལིས་ཡེ། དབྱིན་ཇིའི་ཨོ་ཝུན་གསུམ་གྱིས་མཚོན་པའི་སྟོང་བསམ་སྤྱི་ཚོགས་རིང་ལུགས་དེ་ཧྥ་རན་སེའི་མ་རྩ་གྲལ་རིམ་གྱི་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་། དབྱིན་ཇི་རྒྱལ་ཁབ་ཏུ་ཐོན་ལས་གསར་བརྗེ་བྱུང་བའི་གནས་སྐབས་སུ་དབུ་བརྙེས་པ་རེད། མ་རྩ་རིང་ལུགས་ཀྱི་ངན་མཚང་ཕྱི་རུ་བརྡོལ་ཅིང་། དབུལ་ཕྱུག་གི་ཁྱད་པར་སྔར་ལས་ཤོར་བ་དང་བསྟུན། ཁོང་རྣམ་པ་གསུམ་ནས་སྤྱི་ཚོགས་ལེགས་བཅོས་བྱ་དགོས་པ་དང་། སྒེར་དབང་ལམ་ལུགས་མེད་ཅིང་བཤུ་གཞོག་གི་སྣང་ཚུལ་བྲལ་བའི་སྤྱི་ཚོགས་ལམ་ལུགས་གསར་བ་ཞིག་འཛུགས་དགོས་པའི་ལྟ་བ་བཏོན།

ཁོང་རྣམ་པ་གསུམ་པོའི་བསམ་བློའི་མ་ལག་གཅིག་ཏུ་མ་ངེས་ནའང་། མི་དམངས་མང་ཚོགས་ཀྱི་སྡུག་བསྔལ་ཡིད་ལ་བརྣགས་ཤིང་དེར་བརྩེ་སེམས་ཟོལ་མེད་བཅངས་པ་འདྲ་འདྲ་ཡིན་ལ། རྣམ་པ་གསུམ་པོ་ནས་ཀྱང་མ་རྩ་རིང་ལུགས་ཀྱི་ངན་མཚང་བགྲང་ཞིང་། སྤྱི་ཚོགས་ཀྱི་སྒྲིག་ལམ་གསར་བ་འཛུགས་དགོས་པའི་ལྟ་བ་ཐུན་མོང་དུ་བསྒྲགས་འདུག ཁོང་ཚོའི་དགོངས་པ་དེ་དག་དངོས་ཡོད་ལག་ལེན་དུ་བསྟར་དཀའ་ཞིང་། སྟོང་བསམ་གྱི་ཆ་འདྲེས་པར་མ་ཟད། གྲལ་རིམ་འཐབ་རྩོད་ལ་རྗེས་སུ་ཡི་རང་མི་མཛད་ནའང་། དུས་ཕྱིས་ཀྱི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རྒྱགས་ཕྱེར་གྱུར་པ་བསྙོན་དུ་མེད་དོ།།

5  ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས།

སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་དེ་སྟོང་བསམ་ནས་ཚན་རིག་གི་ལམ་དུ་བསྙེགས་པ་ནི་འབྱོར་མེད་གྲལ་རིམ་གྱི་དེད་དཔོན་ཆེན་པོ་མར་ཁེ་སི་དང་ཨེན་ཀི་སི་རྣམ་གཉིས་ཀྱི་བཀའ་དྲིན་ཁོ་ནར་ངེས། ཁོང་རྣམ་པ་གཉིས་སྐུ་དངོས་ནས་གྲལ་རིམ་འཐབ་རྩོད་ཀྱི་ལག་ལེན་དངོས་སུ་ཞུགས་པ་དང་ཆབས་ཅིག་ཏུ། གཞུང་ལུགས་ཞིབ་འཇུག་མཐིལ་ཕྱིན་པ་མཛད་དེ་ལོ་རྒྱུས་དངོས་གཙོ་རིག་པ་དང་རིན་ཐང་ལྷག་མའི་དགོངས་པ་བཏོན།

ལོ་རྒྱུས་དངོས་གཙོ་རིག་པའི་ལྟ་བ་དེ་ནི་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་ཀྱི་རྡོ་རིང་ལྟ་བུ་ཡིན་ལ། ཕྱི་རོལ་ཡུལ་གྱིས་ཡུལ་ཅན་ཐག་གཅོད་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩ་ཉག་ཅིག་ཡིན་པར་གསུངས།  ཕྱོགས་སུ་བསྡུས་ན་གཤམ་དུ་འཁོད་པ་ལྟར། དང་པོ། སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བྱེད་ཀྱི་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་བར་གྱི་འགལ་བ་དང་། དཔལ་འབྱོར་རྨང་གཞི་དང་སྟེང་གི་བཀོད་པ་གཉིས་བར་གྱི་འགལ་བ་ཡིན་པར་འདོད། གཉིས་པ། གྲལ་རིམ་འཐབ་རྩོད་ནི་གྲལ་རིམ་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་དངོས་ཡིན་པ་རེད། གསུམ་པ། མི་དམངས་མང་ཚོགས་ནི་ལོ་རྒྱུས་ཀྱི་བདག་པོ་ཡིན་པ་བཅས་སོ།།

གཞན་ཡང་། རིན་ཐང་ལྷག་མའི་གཞུང་ལུགས་རྒྱས་པར་བརྩམས་པ་དེས་ནི་ཐོག་མར། མ་རྩ་རིང་ལུགས་ཀྱིས་བཟོ་པ་གྲལ་རིམ་ལ་བཤུ་གཞོག་བྱེད་པའི་ངན་མཚང་དྲུངས་ནས་ཕྱུང་བ་དང་། བར་དུ། འབྱོར་མེད་གྲལ་རིམ་གྱི་ལོ་རྒྱུས་ཀྱི་གོ་བབ་དང་འོས་འགན་གསལ་བོར་བསྟན། མཐར་མར། མ་རྩ་རིང་ལུགས་མགོ་རྟིང་བསློགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་དུ་བགྲོད་དགོས་ཚེ། གྲལ་རིམ་འཐབ་རྩོད་ནི་གཉིས་མེད་ཀྱི་ཐབས་ལམ་འབའ་ཞིག་ཡིན་པར་བསྒྲགས་པའོ།།

སྤྱི་ལོ1884ལོའི་ཟླ་གཉིས་པར། གུང་ཁྲན་ཏང་བསྒྲགས་གཏམ་སྤེལ་བ་དེས་ནི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་དགོངས་དབུ་བརྙེས་པར་མཚོན་ནོ།། ཞེས་ཉེ་རབས་ཀྱི་མཚན་ཉིད་རིག་པ་དང་བསམ་བློའི་ཡོ་ལང་གི་སྐོར་ས་བཅད་མ་སྟོངས་ཙམ་དུ་འདིར་བརྗོད་མོད་ཀྱི། ཚིག་རིས་ཙམ་ལས་གཞུང་དོན་གྱི་གོ་བ་ཡེ་ནས་མ་མཆིས་ཕྱིར། ཞིབ་པར་ཤེས་འདོད་རྣམས་ཀྱིས་སྐད་ཡིག་གི་ཆ་རྐྱེན་དང་ལྡན་གྱུར་ན་རྒྱ་འགྱུར་མ་དང་རབ་ཡིན་ན་མ་གཞུང་ལ་མཇལ་རྒྱུ་ཤིན་ཏུ་གལ་ཆེའོ།།