ཀེ་ལིན་གྱི་རི་ཆུ།སྔ་མའི་པར་གཞི་དེ user126  ནས 2015-08-12 17:34ལ་འགྲུབ།

ཀེ་ལིན་གྱི་རི་ཆུ།

ཀེ་ལིན་གྱི་རི་ཆུ།
གནའ་ནས་ད་ལྟའི་བར་དུ་ཀེ་ལིན་གྱི་རི་ཆུ་ལ༼ཀེ་ལིན་ས་ཆའིརི་ཆུ་ལ༎གནམ་འོག་འདི་ན་འགྲན་ཟླ་བྲལ༎༽ཞེས་པའི་མཚན་སྙན་ཡང་ལྡན་པ་རེད། ཀེ་ལིན་གྱི་རི་ཆུ་ནི་ཀྲུང་གོ་ལས་གཞན་འཛམ་གླིང་དུ་ཡང་སྙན་གྲགས་ཆེ་བའི་མཛེས་ལྗོངས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桂林山水
གནས་ཡུལ།
ཀོང་ཞིའི་ཀྲོང་རིགས་རང་སྐྱོང་ཁུལ་གྱི་ཤར་བྱང་ས་ཁུལ།
1 ཡུལ་གྱི་བཀོད་པ་དང་གྲུབ་ཚུལ།

༼གྲུ་ནི་རླབས་ཀྱི་ཁྲོད་ན་རྒྱུ། །མི་ནི་རི་མོའི་དབུས་སུ་རྩེན། །༽འདི་ནི་སློབ་ཆུང་གི་རྒྱའི་སྐད་ཡིག《ཀེ་ལིན་གྱི་རི་ཆུ》ཞེས་པའི་སློབ་ཚན་གྱི་ཚིག་དུམ་ཞིག་སྟེ། འདི་ལས་ཀེ་ལིན་གྱི་རི་ཆུ་ལ་གནས་སྐོར་དུ་ཕྱིན་པའི་མྱོང་ཚོར་ཉིང་བསྡུས་སུ་བཀོད་པ་ཞིག་རེད།  དེ་ལྟར་ཡིན་ཏེ།  གནའ་ནས་ད་ལྟའི་བར་དུ་ཀེ་ལིན་གྱི་རི་ཆུ་ལ༼ཀེ་ལིན་ས་ཆའིརི་ཆུ་ལ། །གནམ་འོག་འདི་ན་འགྲན་ཟླ་བྲལ། །༽ཞེས་པའི་མཚན་སྙན་ཡང་ལྡན་པ་རེད།   ཀེ་ལིན་གྱི་རི་ཆུ་ནི་ཀྲུང་གོ་ལས་གཞན་འཛམ་གླིང་དུ་ཡང་སྙན་གྲགས་ཆེ་བའི་མཛེས་ལྗོངས་ཡིན།  

ཀེ་ལིན་ནི་ཀྲུང་གོའི་ཀོང་ཞིའི་ཀྲོང་རིགས་རང་སྐྱོང་ཁུལ་གྱི་ཤར་བྱང་ས་ཁུལ་དུ་ཆགས་ཤིང་། དཔེ་མཚོན་གྱི་ཁཱ་སི་ཐེའི་ས་ངོས་ཆགས་ཚུལ་ཞིག་ཡིན།  ཀེ་ལིན་གྱི་རི་ཚོགས་གནམ་དུ་ཟུག་ཅིང་གཡང་གཟར་ཆེ་བ་དང་།  དེ་དག་གི་བར་བརྒྱུད་པའི་གཙང་བོའི་བཞུར་རྒྱུན་དལ་ལ་དྭངས་ཤིང་གཙང་བས་གཡུ་མདོག་གི་མརྒད་ཅིག་དང་ཡོངས་སུ་མཚུངས།  ཀེ་ལིན་གྱི་རི་ཆུ་ལ་རི་བོ་ལྗང་ཞིང་ཆུ་བོ་དྭངས་ལ། ཕུག་པ་མཚར་ཞིང་བྲག་རྡོ་མཛེས་པ་སོགས་མཆོག་གྱུར་བཞི་ཡི་མཚན་སྙན་འབར།   

དེས་ན་ཀེ་ལིན་འདི་ལྟ་བུ་ངོ་མཚར་བའི་ཡུལ་ལྗོངས་ཤིག་ཏུ་ཇི་ལྟར་གྲུབ་པ་ཡིན་ནམ་ཞེ་ན།  དེ་ནི་ལོ་ངོ་དུང་ཕྱུར་མང་བོའི་སྔ་རོལ་དུ།  ཀོང་ཞི་ཡི་ས་ཁུལ་འདི་ནི་ཆུ་བོ་ལྟེམས་མེར་འཁྱིལ་བའི་རྒྱ་མཚོ་ཆེན་པོ་ཞིག་སྟེ། མཚོ་གཏིང་དུ་རྡོ་ཐལ་གྱི་རྫས་མང་བོ་བསགས་ཡོད་པ་དེ་དག་དུས་ཡུན་རིང་བོར་མཚོ་ཆུ་ཡིས་སྦངས་པས་རིམ་གྱིས་རྡོ་ཐལ་བྲག་རྡོ་རུ་གྱུར་པ་དང་། ལོ་ངོ་ཁྲི་སྟོང་མང་བོར་ཆར་ཆུ་དང་ཆུ་བོ་སོགས་ཀྱིས་ཟད་པར་བྱས་པས།  ས་ངོས་ཀྱི་བྲག་རྡོ་ཆར་ཆུ་དང་ཆུ་བོའི་ཁྲོད་ཀྱི་དབྱང་གཉིས་ཐན་འགྱུར་གྱིས་ཞུ་བར་བྱས་ཏེ།  དལ་བ་དལ་བུར་རི་ཚོགས་མང་བོ་གྲུབ་པ་དང་།  བྲག་རྡོའི་ནང་རོལ་ལ་ས་འོག་གི་ཆུས་ཟད་པར་བྱས་ཏེ་རྙོག་འཛིང་ཆེ་བའི་ས་འོག་གི་བྲག་ཕུག་ཀྱང་གྲུབ་པ་རེད།  འདི་ལྟར་རྡོ་ཐལ་བྲག་རྡོས་རྡོ་ཞུན་གྱི་ས་ངོས་ཆགས་ཚུལ་ལ་དངོས་པོའི་རྨང་གཞི་བསྐྲུན་ཞིང་འབབ་ཞོད་ཆེ་བའི་ཆར་ཆུ་ནི་གནས་འདི་འདི་ལྟར་ངོ་མཚར་ལྡན་པར་བསྒྱུར་བྱེད་ཀྱི་བྱེད་པོ་གཙོ་བོ་ཡིན་ནོ༎