ཀྲུང་གོའི་མཛེས་པའི་ཡུལ་ལྗོངས་མང་བོར་རྦབ་ཆུ་ཡོད་མོད། འོན་ཏེ་ཆེས་མིང་གྲགས་ལྡན་པ་ནི༼ཀྲུང་གོའི་རྦབ་ཆུ་ཆེན་པོ༽རུ་གྲགས་པའི་ཧོང་གོ་ཧྲོ་རྦབ་ཆུ་ཡིན། དེ་ནི་འཛམ་གླིང་སྟེང་གི་ཆེས་མིང་གྲགས་ཆེ་བའི་རྦབ་ཆུའི་གྲས་ཀྱང་ཡིན།
ཧོང་གོ་ཧྲོ་རྦབ་ཆུ་ནི་ཀོས་ཀྲིག་ཞིང་ཆེན་གྱི་གྲོང་ཁྱེར་ཨེན་ཧྲོང་གི་ཁོངས་སུ་ཡོད་པ་དང་། རྦབ་ཆུའི་མཐོ་ཚད་ལ་རྨིད74 དང་། ཞེང་ལ་རྨིས81ཡོད། རྦབ་ཆུ་གཙོ་བོ་ཡི་ཉེ་འཁོར་དུ་རྦབ་ཆུ་ཆེ་ཆུང18ཡོད། རྦབ་ཆུ་དེ་དག་ལས་ཆེས་མཛེས་པ་ནི་ཡུན་ལེན་ཀྲོས་ཐེན་རྦབ་ཆུ་ཡིན་ལ། རྦབ་ཆུ་མར་འབབ་པའི་ཞེང་ཚད་ཆེས་ཆེ་བ་ནི་ཏོ་ཕོད་ཐང་རྦབ་ཆུ་ཡིན་པ་དང་། འབབ་ཐག་ཆེས་རིང་བ་ནི་ལོ་སི་ཐེན་རྦབ་ཆུ་ཡིན། ཧོང་གོ་ཧྲོ་རྦབ་ཆུ་ནི་འཛམ་གླིང་གི་ཆེས་ཆེ་བའི་རྦབ་ཆུའི་གྲས་ཀྱི་གཅིག་ཡིན་པར་མ་ཟད། སྟེང་འོག་དང་གཡས་གཡོན། མདུན་རྒྱབ་བཅས་ཕྱོགས་དྲུག་ནས་རོལ་མྱོང་བྱས་ཆོག་པའི་རྦབ་ཆུ་ཁོ་ནའང་ཡིན།
ཧོང་གོ་ཧྲོ་རྦབ་ཆུ་གཙོ་བོར་ཁ་གཏད་དུ་ཡོད་པའི་ལྡིང་ཁང་ནས་ཕར་བལྟས་ཚེ། རྦབ་ཆུ་ཡི་ཆུ་རྒྱུན་བྲག་ངོས་ནས་ཐད་ཀར་ཤིས་ཉིག་ཐེན་རྫིང་བུར་འབབ་དུས། བརྗིད་ཉམས་ཆེ་ཞིང་ཐུར་དུ་འབབ་རྒྱུན་དྲགས་པས་ཡར་འཕྱུར་བས་ཆུ་རྡུལ་ལ་ཡང་འདོམ་པ་ལྔ་དྲུག་ཙམ་ཡོད། རྦབ་ཆུའི་གཤམ་ནས་ཡར་ལ་བལྟས་ན། རྦབ་ཆུ་ནི་གཞོན་ནུ་མའི་ཕྲག་སྟེང་དུ་བཀབ་པའི་དར་དཀར་ཞིག་དང་མཚུངས་ལ། བགྲེས་པོ་ཞིག་གི་སྨ་ར་དཀར་པོ་དང་ཡང་འདྲ། རྦབ་ཆུ་གཙོ་བོ་ཡི་སྐེད་དུ་ཕུགས་ཐག་ལ་ཕལ་ཆེར་རྨིད130ཙམ་ཡོད་པའི་ཆུའི་ཡོལ་བ་ཅན་གྱི་བྲག་ཕུག་ཅིག་ཡོད། བྲག་ཕུག་ནང་དུ་བསྡད་ནས་རྦབ་ཆུ་ལ་བལྟས་ན། རྦབ་ཆུ་མགོ་ཐོག་ནས་ཤག་སྒྲ་ཆེན་པོ་དང་བཅས་འབབ་པ་དེ་ཡིས་མི་ལ་བླ་འདར་བའི་ཚོར་སྣང་སྟེར་བ་ཡིན།