ཞི་ཧྲོང་པན་ནའི་ཚ་ཁུལ་རྩི་ཤིང་སྐྱེད་ཚལ་དུ་ཕྱིན་ཚེ། དེ་གའི་མཛེས་པའི་ཡུལ་ལྗོངས་ཀྱིས་དེ་མུར་ཁྱོད་ཀྱི་ཡིད་ཀྱི་དང་བ་འདྲེན་སྲིད། དེ་ནི་འཇིག་རྟེན་མི་ཡུལ་དང་རྒྱང་དུ་བཀྱེད་པའི་ལྷ་ཡུལ་ལྟ་བུའི་མཛེས་ལྗོངས་སུ་ལྷགས་པས་ཡིན། ལམ་འགྲམ་ཡོངས་སུ་སྦོམ་ཞིང་རིང་བའི་ཚ་ཁུལ་ནགས་ཚལ་གྱིས་གང་ཡོད་ཅིང་། མཐོ་ཚད་ལ་རྨིད60ལྷག་ཡོད་པའི་བང་ཐེན་ལྗོན་པ་སྤྲིན་གསེབ་ཏུ་བསྙེགས་ཡོད་པ་དང་། ད་དུང་འབྲུག་ཁྲག་ལྗོན་པ་སྟེ། ལྗོན་པ་འདིའི་སྡོང་ཤུན་བཤུས་ཚེ་ཁྲག་དམར་བརྡོལ་འོང་བ་རེད། གལ་ཏེ་ཁྱོད་རང་སྐོམ་པས་གདུང་ཚེ་པན་ཏན་ཐིན་ཞེས་པའི་རྩི་ཤིང་དེ་བཅད་ཚེ་དེ་ལས་དྭངས་བསིལ་བསིལ་གྱི་ཆུ་ཞིག་བཞུར་འོང་ཞིང་། ཁམ་གང་འཐུང་ཚེ་ལུས་ཧྲིལ་བོ་འཁྱག་སིབ་སིབ་ཏུ་གྱུར་འགྲོ གནས་འདི་གའི་རྩི་ཤིང་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་སུ་ཡོད་པས་ཁྱོད་ལ་མིག་རྒྱ་བསྐྱེད་ངེས། ཡིན་ནའང་། མཛེས་ཤིང་ཡིད་དུ་འོང་བའི་ཚ་ཁུལ་རྩི་ཤིང་སྐྱེད་ཚལ་ནི་ཞི་ཧྲོང་པན་ནའི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་གྱི་ཆེས་ཆུང་བའི་མཚོན་བྱེད་ཙམ་ཡིན།
ཞི་ཧྲོང་པན་ན་ནི་ཀྲུང་གོའི་ཡུན་ནན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཆགས་ཤིང་། ༼ཞི་ཧྲོང་པན་ན༽ཞེས་པ་ནི༼ཞིང་ས་སྟོང་བཅུ་གཉིས༽ཞེས་པའི་དོན་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ1202.13ཡོད། གནས་འདི་རུ་ངོ་མཚར་བའི་ཚ་ཁུལ་གྱི་གདོད་མའི་ནགས་ཚལ་དང་སྣ་མང་བའི་སྲོག་ཆགས་དང་རྩི་ཤིང་བགྲང་ལས་འདས་པ་ཞིག་ཡོད་པས༼སྲོག་ཆགས་དང་རྩི་ཤིང་གི་ཡུལ་ཁམས༽ཞེས་གྲགས་པ་རེད།
ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་འདི་ན་རྩི་ཤིང་གི་རིགས20000ལྷག་ཡོད་པ་དང་། དེ་དག་ལས་རྩི་ཤིང་ཆེ་གྲས་རིགས5000ལྷག་ཡོད་པ་ལས། རི་སྐྱེས་ཤིང་འབྲས་ཀྱི་རིགས50དང་། མྱུར་སྐྱེ་རྒྱུ་ཆའི་ཤིང་རིགས40ལྷག་ཡོད། རྩི་ཤིང་མང་ཆེ་བ་ནི་རྒྱུ་ཆ་དཀོན་པའི་རིགས་དང་ཡང་ན་སྤྱོད་སྒོ་ཐུན་མོང་མ་ཡིན་པ་སྟེ། དཔེར་ན། འབྲས་སྐྲན་གྱི་སྨན་གྱི་རྒྱུ་ཆར་རུང་བ་མེ་ཏན་ལྗོན་པ་དང་ཅ་ལེན་ལྟ་བུ། བཀྲག་རྩི་ནི་ཁྲའེ་ཡེ་སྣུམ་གྱི་ཚབ་བྱས་ཆོག་པ། མེ་ཏོག་དབྱི་ལད་ཞང་ལ༼མེ་ཏོག་གི་རྒྱལ་པོ༽ཞེས་འབོད་པ་སོགས་དང་། ལྗོན་པ་ཁ་ཤས་ཤིག་ད་ཕན་བར་དུ་སྐྱེ་འཕེལ་བྱུང་ནས་ལོ་ཁྲི100ལྷག་བགོར་བས་ན། གནའ་སྡོང་དུ་གྱུར་ཅིང་མི་རྣམས་ཀྱིས༼འགྱུར་རྡོ་གསོན་པོ༽ཞེས་སུ་བརྗོད། ད་དུང་ཞི་ཧྲོང་པན་ནའི་ཡ་གླིང་གི་གླང་ཆེན་དང་གླག་རྒོད་སོགས་ནི་འཛམ་གླིང་རིམ་པའི་སྲུང་སྐྱོབ་སྲོག་ཆགས་དང་། སྤྲེལ་དལ་མོ་དང་གཟིག་སོགས་ནི་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་སྲུང་སྐྱོབ་སྲོག་ཆགས་དང་དེ་དག་སྐྱེ་འཕེལ་བྱེད་སའི་དགའ་ཚལ་ཡང་ཡིན། ཤིན་ཏུ་དཀོན་པའི་སྲོག་ཆགས་འདི་དག་གི་ཁྱུ་ཚོགས་དང་། ཡ་གླིང་ལྷོ་མའི་ཚ་ཁུལ་གྱི་ལོ་མ་ཆེ་བའི་ནགས་ཚལ། ཐ་ན་ནགས་ཚལ་ཧྲིལ་བོའི་སྐྱེ་ཁམས་སོགས་ནི་རིན་ཐང་གཞལ་དུ་མེད་པ་ཤ་སྟག་ཡིན་ནོ༎