མིང་རྒྱལ་རབས་ཀྱི་གནས་སྐོར་པ་གྲགས་ཅན་ཞོས་ཞ་ཁི་ཧོང་ཧྲན་རི་བོའི་མཛེས་ལྗོངས་བརྒྱུད་དུས་སྙན་ཚིག་གྲགས་ཅན་ཞིག་བརྩམས་མྱོང་སྟེ། ༼གྲགས་ལྡན་ལྷུན་པོ་ལྔ་ལས་ཐོན་དུས་སུ། །རི་གཞན་མིག་གིས་མཇལ་བ་ཡིད་ལོག་ཀྱང་། །སྤོ་མཐོ་ཧོང་ཧྲན་རི་ལས་ལོག་པའི་དུས། །གྲགས་ལྡན་ལྷུན་པོ་ལྔ་ཡང་གཟུགས་བརྙན་ཙམ། །༽ཞེས་གསུངས་ཤིང་། ངེས་པ་དོན་གྱི་ཡང་དེ་ལྟར་ཡིན་ཏེ། འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་གི་གྲས་སུ་ཐེ་བའི་ཧོང་ཧྲན་རི་བོ་ལ་ངོ་མཚར་རྨད་བྱུང་གི་ཁྱད་ཆོས་ལྔ་དང་ལྡན་པ་སྟེ། དེ་དག་ནི་ངོ་མཚར་བའི་ཐང་ཤིང་དང་། ཁྱད་མཚར་བའི་བྲག་རི། སྤྲིན་གྱི་རྒྱ་མཚོ། ཆུ་ཚན། དགུན་གྱི་ཁ་བ་བཅས་ཡིན།
རི་རྩེ་གང་ལ་བུད་དེ་བལྟས་ན་ཡང་སྤྲིན་གྱི་རྒྱ་མཚོ་མཐོང་སྲིད་མོད། འོན་ཏེ་ཧོང་ཧྲན་རི་བོའི་སྤྲིན་གྱི་རྒྱ་མཚོ་ནི་ཀུན་དང་མཚུངས་པ་མ་ཡིན་ཏེ། ཧོང་ཧྲན་རི་བོའི་ལན་ཧྭ་དང་ཐེན་ཏོ། ཀོང་མིན་ཏེན་བཅས་རི་བོ་ཆེན་པོ་འདི་གསུམ་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་རྨིས1800ཡན་ཟིན་པ་དང་། མི་རྣམས་རི་འདི་དག་གི་རྩེ་མོར་འགྲེང་དུས། རང་གི་མཐའ་འཁོར་དུ་མུ་མཐའ་མི་མངོན་པའི་སྤྲིན་གྱིས་གཏིབས་ནས་ཡོང་བ་ནི་རྒྱ་མཚོ་ཆེན་པོས་བསྣུབས་ཀྱིན་པ་དང་ཀུན་ནས་མཚུངས། ཉི་ཤར་དང་ཉི་ནུབ་ཀྱི་དུས་སུ་ཉི་མའི་འོད་ཟེར་སྨུག་སྤྲིན་ལ་འཕྲོས་ཚེ། ཁ་དོག་རྣམ་པར་བཀྲ་བའི་སྤྲིན་གྱི་རྒྱ་མཚོ་རུ་འགྱུར་སྲིད།
ཧོང་ཧྲན་རི་བོའི་སྤྲིན་གྱི་རྒྱ་མཚོར་རོལ་མྱོང་བྱེད་པའི་དུས་ཚོད་ཆེས་བཟང་ཤོས་ནི་ཆར་བ་དང་ཁ་བ་བབས་མ་ཐག་པའི་དུས་ཏེ། ཉི་མའི་འཛུམ་ཞལ་མངོན་ཞིང་སྨུག་སྤྲིན་ལང་ལོང་འཕྱོ་བའི་སྐབས་སུ་ཡིན། དེའི་དུས་སུ་མིག་གིས་རྒྱང་རིང་ལ་བལྟས་ན། ངོ་མཚར་བའི་ཐང་ཤིང་དང་། ཁྱད་མཚར་བའི་བྲག་རི་སོགས་སྨུག་སྤྲིན་གྱིས་གཡོགས་ཤིང་། རི་ཚོགས་ཀྱི་རྩེ་མོ་རྣམས་ཀྱང་རྒྱ་མཚོའི་ཀློང་གི་གླིང་ཕྲན་རེ་རེ་དང་ཨ་ན་མ་ན་རེད། ཉི་མའི་འོད་སྣང་ལས་སྤྲིན་དཀར་སྔར་ལས་ཀྱང་དཀར་ལ། ཐང་ཤིང་སྔར་ལས་ཀྱང་སྔོ་ཞིང་ལྗང་། སྤྲིན་གྱི་རྒྱ་མཚོའི་མཛེས་པའི་དཔལ་གྱིས་ཧོང་ཧྲན་རི་བོའི་ཁྱད་མཚར་བའི་བྲག་རི་དང་། ཐང་ཤིང་ནི་སྔར་ལས་ཀྱང་མཛེས་ཤིང་ལྷུན་ཆགས་པ་ཞིག་ཏུ་གྱུར་པས་འཕྲུལ་སྣང་གི་ཡུལ་ཁམས་ཤིག་མངོན་ སུམ་དུ་གྲུབ་ཡོད།
ཧོང་ཧྲན་རི་བོར་འདི་ལྟ་བུའི་བརྗིད་ཆགས་པའི་སྤྲིན་གྱི་རྒྱ་མཚོ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་ཧོང་ཧྲན་རི་བོའི་རི་བོ་མཐོ་ཞིང་ལུང་གྲོག་ཟབ་པ་དང་། ནགས་རྫུབས་ཆེ་བ། ཉི་མ་ཤར་བའི་དུས་ཚོད་ཐུང་བ། ཆུ་རླངས་པར་འགྱུར་བའི་ཡུན་དལ་བ། ཆུ་རླངས་མོད་པ། བརླན་གཤེར་ཆེ་བ་སོགས་ཀྱིས་གནས་གཞན་དག་ལས་བརྗིད་ཆགས་པའི་སྤྲིན་གྱི་རྒྱ་མཚོ་འདི་གྲུབ་པ་རེད། ད་དུང་ཤེས་དགོས་པ་ཞིག་ལ་གནས་དེ་རུ་ལོ་ཧྲིལ་བོའི་ཉིན250ལྷག་ལ་སྨུག་པ་འཐིབས་སྲིད་པ་རེད།