སློབ་དཔོན་ཌེཾ་ཀི་པ(འབྲས་བརྡུང་བ)ནི། ལཱུ་ཡི་པས་རྒྱལ་བུ་བི་ཏ་པཱུ་རར་གར་མོའི་གཙོ་མོ་དྷ་རི་མོ་ལ་བཙོངས་ནས་སློབ་དཔོན་དང་བྲམ་ཟེ་གཉིས་འགྲོགས་ཏེཛ་ཧི་ན་ཏ་པཱུ་རར། རཱ་ཛ་ནང་པའི་གནས་སུ་ཞག་བདུན་ནས་བརྟོལ་ཏེ། དེ་ན་ཆང་འཚོང་མའི་སྡེ་ཡོད་པའི་གཙོ་མོའི་སྒོ་བ་ལ་ཁྱེད་ཀྱི་གཙོ་མོ་མི་ཉོའམ་ཞེས་དྲིས་པས། དེས་ནང་དུ་སྨྲས་ཏེ། ཉོ་ཟེར་ནས་རིན་ཅི་དགོས་ཟེར་བ་ལ། གསེར་ཏོ་ལོ་སུམ་བརྒྱ་དགོས་བྱས་པས། དེས་ཀྱང་དེ་བཞིན་དུ་བྱས་ནས་བྲམ་ཟེ་འདི་ཁྱེར་རོ། ། བྲམ་ཟེ་འདི་མཚན་མོ་མི་དང་ས་གཅིག་ཏུ་ཉལ་དུ་མ་བཞུགས་པར་གཅིག་པུར་བོར་ཞིག་བྱས་ནས་སློབ་དཔོན་གཤེགས་སོ། ། བློན་པོ་བྲམ་ཟེ་དེས་ཀྱང་ཆང་འཚོང་མའི་ལས་ཁྱད་པར་ཅན་བྱས་པས་གཙོ་འཁོར་ཐམས་ཅད་དགའ་ནས་ཇོ་བོ་ཞེས་ཟེར་རོ། ། དེ་ནས་ཞག་གཅིག་གི་ཉིན་མོ་ལས་རྣམས་བྱས་ནས་ཟས་མ་ཞུས་པར་མཚན་མོ་སྐྱེད་མོས་ཚལ་དུ་ཉལ་དུ་ཕྱིན་པ་དང་། ཆང་འཚོང་མའི་གཙོ་མོས་ཟས་མ་བྱིན་པ་དྲན་ནས། མཚན་མོ་ཟས་སྐྱེལ་དུ་བཏང་བས་བུད་མེད་བཅོ་ལྔ་ཙམ་གྱིས་བསྙེན་བཀུར་བྱེད་ཅིང་། རང་གི་ལུས་ཀྱི་འོད་ཀྱིས་སྣང་བ་དང་བཅས་ནས་འདུག་པ་མཐོང་སྟེ། ཕྱིར་ལོག་ནས་གཙོ་མོ་ལ་བསྙད་པས་འགྱོད་པ་སྐྱེས་ནས། བློན་པོ་བྲམ་ཟེའི་ཞབས་ལ་ཕྱག་བཙལ་ཏེ། བདག་གིས་ལོ་བཅུ་གཉིས་ཀྱི་བར་དུ་ཁྱེད་གཡོག་ལ་བཀོལ་བའི་སྡིག་པ་ཡོད་པས་དེ་སྦྱང་བའི་ཕྱིར་དུ་ལོ་བཅུ་གཉིས་བདག་གི་མཆོད་གནས་མཛོད་ཅིག་བསྙེན་བཀུར་བྱེད་པ་ལགས་ཞེས་ཞུས་པ་དང་། དེ་མ་བཞེད་ནས་ཆང་འཚོང་མ་ལ་སོགས་པ་ཛ་ཡི་ན་ཏ་པཱུ་ར་ན་ཡོད་པའི་སྐྱེ་བོའི་ཚོགས་ཐམས་ཅད་ལ་གདམས་ངག་གནང་ནས་འཁོར་བདུན་བརྒྱ་དང་བཅས་ནས་མཁའ་སྤྱོད་དུ་གཤེགས་ཏེ། མཚན་ནི་ཌེཾ་ཀི་པ་ཞེས་བྱ་བར་ཡོངས་སུ་གྲགས་སོ། ། འབྲས་བརྡུངས་པས་ཌེཾ་ཀིའོ། ། དེས་གསུངས་པ། རིགས་བྱེད་འདོན་པའི་ཌེཾ་ཀི་པ། ། འབྲས་བརྡུང་པ་ཡི་བསམ་གཏན་ཅན། ། སྔོན་དུ་འབྲས་ནི་ལེགས་པར་བརྡུངས། ། ཕྱགས་མས་འཐོར་བ་སྡུད་བྱེད་པ། ། བླ་མའི་བསམ་པས་འབྲས་དག་བརྡུངས། ། ལས་གཞན་དག་ནི་མི་བྱེད་པར། ། ནག་པོ་ཡིས་ནི་འབྲས་དག་བརྡུངས། ། དགེ་དང་སྡིག་པ་གཉིས་ག་བརྡུངས། ། གཟེར་ནི་ཉི་མ་ཟླ་བ་ཡིན། ། གཏུན་ནི་ཆོས་ཉིད་སྟོང་པ་ཡིན། ། ཧཱུཾ་སྒྲས་རྣམ་རྟོག་ཞོ་དཀྲོགས་པས། ། བདེ་ཆེན་རོ་ཡི་མར་དག་འབྱུང་། ། ཌེཾ་ཀི་པ་ཡི་རྟོགས་བརྗོད་ནི། རྟ་དང་གླང་པོ་རྒྱ་མཚོ་འདྲ་ན་རབ་ཏུ་བདེ། ། སྤྲེའུ་བྱིས་པ་ཆུ་རིས་འདྲ་ན་རྟོགས་པ་ཡིན། ། ཆུ་བོ་ཉི་མ་སྨན་དང་འདྲ་ན་འབྱེར་མི་བྱེད། ། གཙུག་ཕུད་མིག་དང་འཁོར་ལོ་ལྟ་བུས་འབྲས་བུ་ཐོབ། ། ཅེས་གསུངས་སོ། ། བློན་པོ་བྲམ་ཟེ་ཆང་འཚོང་མ་ལ་བཙོངས་པའི་དགོས་པ་ནི། བྲམ་ཟེ་རྟོག་པ་ཆེ་བས་ཆང་འཚོང་མའི་གཡོག་ཏུ་བཅུག་པས་ང་རྒྱལ་བཅག་སྟེ་གཙང་རྟོག་ཞི་ཕྱིར་རོ། ། སློབ་དཔོན་ལཱུ་ཡི་པ་དང་། དྷ་རི་ཀ་པ་དང་། ཌེཾ་ཀི་པ་གསུམ་གྱི་ལོ་རྒྱུས་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རས་གསུངས་པ་རྫོགས་སོ། །