ལཱ་སཱེ་ཨུར།སྔ་མའི་པར་གཞི་དེ རྡོ་རྗེ་རབ་བརྟན།  ནས 2015-07-08 11:09ལ་འགྲུབ།

ལཱ་སཱེ་ཨུར།

ལཱ་སཱེ་ཨུར།
ཨེ་ཇིའི་མི་ཡིན། ཁོ་རང་ན་ཆུང་བའི་སྐབས་སུ་ཧུར་བརྩོན་སྒོས་མི་རིགས་རང་བཙན་བྱེད་པར་འབད་འཐབ་ཀྱིས་ཞུགས་པ་དང་དབྱིན་ཇིའི་དབང་བསྒྱུར་ལམ་ལུགས་འཐབ་རྩོད་དྲག་པོ་བྱས། དེ་རྗེས་ཁོ་རང་དམག་དཔོན་སློབ་གྲྭ་ལས་མཐར་ཕྱིན་ནས། སྤྱི་ལོ1945ལོར་དམག་ནང་དུ་ལྐོག་གྱུར་གྱིས་རང་དབང་དམག་དཔུང་ཚོགས་པ་ཞིག་རྩ་འཛུགས་བྱས། སྤྱི་ལོ1952ལོར་ཟླ་བདུན་པའི་གསར་བརྗེ་ཞེས་པའི་དམག་དཔུང་ལ་འགོ་ཁྲིད་མཛད་དེ་ཧྥ་ལོའུ་ཁིའི་སྲིད་དབང་སྒེར་འཛིན་ཕམ་པར་བརྒྱབ་ཏེ་ཨེ་ཇིའི་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ཁོས་དུས་ཡུན་རིང་པོར་ཨེ་ཇིའི་ཙུང་ཐུང་གི་གོ་གནས་བཟུང་། སྤྱི་ལོ1956ལོར་ཨེ་ཇིའི་མི་དམངས་ལ་འགོ་ཁྲིད་མཛད་དེ་དབྱིན་ཇི་དང་ཧྥ་རན་སི། དབྱི་སི་ལེ་བཅས་རྒྱལ་ཁབ་གསུམ་གྱི་བཙན་འཛུལ་ལ་རྒོལ་ལན་དྲག་པོ་སྤྲད་དེ་ཕམ་པར་བརྒྱབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
迦玛尔•阿卜杜尔•纳赛尔
ཕྱི་ཡིག་གི་མིང་།
جمال عبد الناصر‎
རྒྱལ་ཁབ།
ཨེ་ཅིབ།
འཁྲུངས་འདས་ལོ།
སྤྱི་ལོ1918--1970
ལས་རིགས།
ཨེ་ཅིབ་ཙུང་ཐུང་། ཨ་རབ་མི་རིགས་རིང་ལུགས་ཀྱི་ཆབ་སྲིད་པ།
འཐུས་ཚབ་བརྩམས་ཆོས།
《ཨེ་ཅིབ་ཀྱི་བཅིངས་འགྲོལ》《གསར་བརྗེའི་མཚན་ཉིད་རིག་པ》
1 མི་སྣ་ངོ་སྤྲོད།


       རྗ་མི་ཨུར﹒ཨཱ་པོ་ཏོས་ལཱེ﹒ལཱ་སཱེ་ཨུར(1918--1970)ཨེ་ཇིའི་མི་ཡིན། ཁོ་རང་ན་ཆུང་བའི་སྐབས་སུ་ཧུར་བརྩོན་སྒོས་མི་རིགས་རང་བཙན་བྱེད་པར་འབད་འཐབ་ཀྱིས་ཞུགས་པ་དང་དབྱིན་ཇིའི་དབང་བསྒྱུར་ལམ་ལུགས་འཐབ་རྩོད་དྲག་པོ་བྱས། དེ་རྗེས་ཁོ་རང་དམག་དཔོན་སློབ་གྲྭ་ལས་མཐར་ཕྱིན་ནས། སྤྱི་ལོ1945ལོར་དམག་ནང་དུ་ལྐོག་གྱུར་གྱིས་རང་དབང་དམག་དཔུང་ཚོགས་པ་ཞིག་རྩ་འཛུགས་བྱས། སྤྱི་ལོ1952ལོར་ཟླ་བདུན་པའི་གསར་བརྗེ་ཞེས་པའི་དམག་དཔུང་ལ་འགོ་ཁྲིད་མཛད་དེ་ཧྥ་ལོའུ་ཁིའི་སྲིད་དབང་སྒེར་འཛིན་ཕམ་པར་བརྒྱབ་ཏེ་ཨེ་ཇིའི་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ཁོས་དུས་ཡུན་རིང་པོར་ཨེ་ཇིའི་ཙུང་ཐུང་གི་གོ་གནས་བཟུང་། སྤྱི་ལོ1956ལོར་ཨེ་ཇིའི་མི་དམངས་ལ་འགོ་ཁྲིད་མཛད་དེ་དབྱིན་ཇི་དང་ཧྥ་རན་སི། དབྱི་སི་ལེ་བཅས་རྒྱལ་ཁབ་གསུམ་གྱི་བཙན་འཛུལ་ལ་རྒོལ་ལན་དྲག་པོ་སྤྲད་དེ་ཕམ་པར་བརྒྱབ།

        སྤྱི་ལོ1967ལོར་ཐེངས་གསུམ་པའི་དབུས་ཤར་དམག་འཁྲུག་ཁྲོད་དུ་ཡང་བསྐྱར་ཨེ་ཇིའི་མི་དམངས་ལ་དབུ་འཛིན་མཛད་དེ། དབྱི་སི་ལེའི་བཙན་འཛུལ་ལ་རྒོལ་ལན་དྲག་པོ་སྤྲད། ཁོ་ནི་འཛམ་གླིང་དུ་སྙན་གྲགས་ཅན་གྱི་ཆབ་སྲིད་པ་དང་ཨེ་ཇིའི་མི་རིགས་རང་བཙན་དང་རང་དབང་གི་དོན་དུ་ཡོད་ཚད་ཕུལ་མཁན་ཞིག་ཡིན་པས། ཨཱ་ལཱ་པོ་མི་དམངས་ཀྱི་སེམས་སུ་གཟི་བརྗིད་ཆེ་ཞིང་ཁོ་ལ་ཉི་ལའོ་གཙང་བོའི་འགྲམ་གྱི་སེང་རྒོད་ཅེས་འབོད་སྲིད།

2 བདེ་བ་འདོད་པའི་བྱིས་པ།


       ལཱ་སཱེ་ཨུར་གྱི་ཨ་ཕ་ནི་ཡིག་སྐྱེལ་བ་ཞིག་ཡིན་ཞིང་། ཁོས་བཙལ་བའི་སྒོར་མོ་རྣམས་ཀྱིས་རང་གི་ཁྱིམ་ཚང་གི་ཁ་ཡང་གསོ་དཀའ་ལ་ཨ་མ་ནི་ཚོང་བ་ཆུང་ཆུང་ཞིག་གི་བུ་མོ་ཡིན། ཆུང་བའི་དུས་སུ་ཁོང་ཚང་ཨར་འདམ་གྱིས་ལས་པའི་ཁང་རུལ་ཞིག་ཏུ་བསྡད་ཅིང་འཚོ་བ་ཧ་ཅང་དཀའ་ངལ་ཆེ། ཨ་ཕ་ཁྲོ་གཏུམ་ཅན་ཞིག་ཡིན་སྟབས་རྒྱུན་དུ་ཁོ་རང་རྡུང་རྡེག་བྱེད་སྲིད་ཅིང་ཨ་མ་ནི་བྱམས་བརྩེ་ལྡན་ཞིང་ཁོ་ལ་རྡུང་རྡེག་བྱེད་པ་ཕར་ཞོག་ཐ་ན་འཁོན་ཙམ་ཡང་བྱེད་མི་སྲིད། ལཱ་སཱེ་ཨུར་ལོ་བརྒྱད་ལོན་པའི་སྐབས་སུ་ཁོའི་སྙིང་ཉེ་བའི་ཨ་མ་ཁོ་དང་གཏན་བྲལ་བྱུང་ཞིང་ཨ་ཕས་ཀྱང་བུད་མེད་གཞན་པ་ཞིག་ཁྱིམ་དུ་བླངས་པས་ལཱ་སཱེ་ཨུར་གྱི་འཚོ་བ་དེ་ལས་ཀྱང་སྙིང་རྗེ་བོར་གྱུར། ལཱ་སཱེ་ཨུར་གྱིས་རྒྱུན་པར་དབུལ་ཕོངས་དང་དཀའ་སྡུག་གི་འཚོ་བ་དང་བྲལ་ནས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བར་སྨོན་སེམས་བཅངས།

        ཉིན་ཞིག་དགེ་རྒན་གྱིས་དཔེ་ཁྲིད་བྱེད་སྐབས་བསྟན་དོན་འཛམ་གླིང་དུ་ཆེས་མཛེས་སྡུག་གི་གནས་མཆོག་ནི་དག་པའི་ཞིང་ཁམས་ཡིན། ཞིང་ཁམས་དེ་ནི་མི་རྣམས་རང་དབང་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་ཞིང་ཟས་རང་གྲུབ་དང་གོས་རང་གྲུབ་ཀྱི་ཅི་བསམ་ལྷུན་གྱིས་གྲུབ་པའི་ལོངས་སྤྱོད་ཡོད། ཆེས་འཇིགས་སྐྲག་སྐྱེས་དགོས་པ་ནི་དམྱལ་བར་ལྷུང་བ་དེ་ཡིན། མི་སྡིག་ཅན་རྣམས་ཀྱིས་རྒྱུན་དུ་དེ་རུ་སྡུག་མྱོང་ཡོད། ཡ་རབས་རྣམས་ཀྱིས་དེ་རུ་སྐྱིད་རྒྱག་བཞིན་ཡོད་པ་དང་འདྲ་ལ་ཁྱེད་ཚོ་བྱིས་པ་ཡ་རབས་རྣམས་ནི་དག་པའི་ཞིང་ཁམས་སུ་སྐྱེས་སྲིད་ཅེས་གསུངས།

        ལཱ་སཱེ་ཨུར་གྱིས་ཉན་རྗེས་སེམས་སུ་དགའ་སྣང་ཡ་མཚར་བ་ཞིག་ཤར་ཏེ། ཁོའི་གྲོགས་པོ་བྱིས་པ་ཞིག་དང་མཉམ་དུ་གྲོས་བྱེད་རྒྱུར༼ངེད་གཉིས་ལོ་ལོན་དེ་ཤི་དགོས་ན་དུས་ཡུན་ཧ་ཅང་རིང་པོ་ཞིག་དགོས་པས་མྱུར་དུ་ཤི་ནས་ལྷ་ཡུལ་དུ་སོང་ན་མི་སྐྱིད་དམ༽

       ༼ངེད་གཉིས་ཇི་འདྲ་བྱས་ཏེ་ཤི༽

        ༼གྲི་ཡིས་ཤི༽

        ༼ཨོ་དེ་ལ་ན་ཟུག་ཤིན་ཏུ་ཆེ་བས་དེ་འདྲ་བྱེད་མི་ཕོད༽

       ༼ན་ཟུག་མེད་པའི་ཤི་ཚུལ་སྐྱིད་པོ་རེ་ཨེ་ཡོད༽

       ༼ངའི་ཨ་ཕས་ཡིག་སྐྱེལ་དོ་བོའི་ཁ་སྦྱར་བྱེད་དེ་དུག་ཡིན་པས་ཁ་ནང་དུ་སོང་ན་ཤི་ཟེར་བས་དེ་ལ་ན་ཟུག་གཏན་ནས་ཡོད་མི་སྲིད༽  ཁོ་གཉིས་ཀྱིས་དེ་ལྟར་གྲོས་བྱས་ཏེ་དུག་དེ་མི་རེའི་ཁམ་གང་རེ་འཐུང་རྗེས་ཆུ་གྲང་ཕོར་བ་གང་རེ་འཐུང་ནས་མིག་བཙུམས་ཏེ་དག་པའི་ཞིང་ཁམས་སུ་འགྲོ་བར་རེ་སྒུག་བྱས། ལཱ་སཱེ་ཨུར་ད་ཐེངས་དག་པའི་ཞིང་ཁམས་སུ་འགྲོ་ཐུབ་པ་ཕར་ཞོག ཨ་ཕའི་རྡུང་རྡེག་དྲག་པོ་ཞིག་མྱངས་པས་ཁོས་ད་གཟོད་དག་པའི་ཞིང་དུ་འགྲོ་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་གོ

3 བདེ་བ་མི་སྟེར་བའི་དགྲ་བོ།


        བགྲང་བྱ་ཡི་འགྲོས་དང་བསྟུན་ནས་ལཱ་སཱེ་ཨུར་རིམ་གྱིས་ནར་སོན་ནས་ཁོ་རང་གི་འཚོ་བ་སྐྱིད་པོ་རོལ་དུ་མི་འཇུག་པའི་རྒྱུ་མཚན་གསལ་བོ་རྟོགས་བྱུང་། སྐབས་དེར་ཨེ་ཇི་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་ཏེ་ཨེ་ཇིའི་དཔལ་འབྱོར་དབྱིན་ཇིས་ཁ་ལོ་བསྒྱུར་བཞིན་ཡོད་ཅིང་། ཨེ་ཇེའི་མི་དམངས་ཀྱི་དཀའ་སྡུག་གི་འབྲས་བུ་དེ་ཚང་མ་དབྱིན་ཇིར་སྐྱེལ་འདྲེན་བྱས་པ་མ་ཟད་ད་དུང་ཚེ་སྲོག་གི་ཆད་པའང་གཅོད་སྲིད། ལཱ་སཱེ་ཨུར་གྱི་ཁུ་བོ་ཡང་དབྱིན་ཇིས་རྡུང་རྡེག་དྲག་པོ་ཞིག་བྱས་རྐྱེན་ཁུ་བོས་དབྱིན་ཇིའི་སྐྱུགས་བྲོ་བའི་བྱ་སྤྱོད་མང་པོ་ཞིག་ཁོ་ལ་བཤད་པས། ཁོ་རང་ན་ཆུང་བའི་དུས་ནས་ཀྱང་འཁོན་སེམས་ཀྱི་ས་བོན་མང་པོ་ཞིག་བསྐྲུན། དུས་ནམ་ཡིན་ཡང་ནམ་མཁར་གནམ་གྲུ་འཕུར་བ་མཐོང་ཚེ་སྐད་ཆེན་པོས་དབྱིན་ཇི་བ་རྣམས་མྱུར་དུ་སོད་ཅིག སོད་ཅིག་ཅེས་སྐད་རྒྱག་སྲིད། ཆུང་བའི་དུས་ནས་ཀྱང་དབྱིན་རྒོལ་རྒྱལ་གཅེས་ཀྱི་བསམ་བློ་སྐྱེས་པ་མ་ཟད་སློབ་སྦྱོང་ལ་ཧ་ཅང་འབད་བརྩོན་བྱེད་ཅིང་སྦྱངས་འབྲས་ཀྱང་ཧ་ཅང་ཕུལ་དུ་བྱུང་བ་ཞིག་ཡིན། ཁོ་རང་སློབ་འབྲིང་སྐབས་ནས་ལྷག་པར་དུ་དཔེ་བལྟ་བྱེད་པའི་གོམས་སྲོལ་བཟང་པོ་ཞིག་ཆགས་ཏེ་དངོས་གནས་གཉིད་ཆག་ཟས་བརྗེད་བྱས་པས་སློབ་གྲྭ་ལས་དགེ་རྒན་དང་སློབ་གྲོགས་རྣམས་ཀྱིས་ཀྱང་ཧ་ལས་པའི་གནས་སུ་གྱུར།

        ལཱ་སཱེ་ཨུར་ནི་མར་ཁེ་སི་དང་ལཱོས་སའོ་སོགས་ཀྱི་རླབས་ཆེན་བསམ་བློ་བ་རྣམས་ཀྱི་དཔེ་ཆར་བལྟ་བར་དགའ་བོ་ཡོད་ལ་ད་དུང་ཁོས་ཧ་ཅང་གོ་དཀའ་བའི《ཀོས་ལཱན་ཆོས་གཞུང》ལ་བལྟ་མྱོང་། ཡིན་ཡང་ཁོ་ལོ་རྒྱུས་ཀྱི་དཔེ་ཆར་བལྟ་བ་དེ་ལས་ཀྱང་དགའ་སྤྲོ་ཤིན་ཏུ་ཆེ་ལ་ཧྥ་རན་སིའི་གསར་བརྗེ་དང་འཇར་མན་གཅིག་གྱུར། ཨེ་ཇི་དང་ཨཱ་ལཱ་པོའི་ལོ་རྒྱུས་བཅས་བལྟ་བར་ཧ་ཅང་དགའ། ཁོ་རང་འཛམ་གླིང་སྟེང་གི་ལོ་རྒྱུས་མི་སྣ་གྲགས་ཅན་ཡཱ་ལི་ཧྲན་ཏ་དང་ནཱ་ཕོ་ལུན། ཕི་སི་མེ་སོགས་ལ་དགའ་དད་བྱེད་ཅིང་ཁྱད་པར་དུ་ཐུར་ཁེའི་གསར་བརྗེའི་གཙོ་འཛིན་ཁཱན་མའོ་ཨུར། ཨེ་ཇིའི་མི་རིགས་ཀྱི་དཔའ་བོ་ཀྲ་ཀི་ལོའུ་ལ་ཧ་ཅང་དད་འདུན་ཆེན་པོ་ཡོད་པ་མ་ཟད་སེམས་སུ་ཁོས་ཀྱང་དཔའ་བོ་འདི་དག་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་ཨེ་ཇིའི་མི་རིགས་ཀྱི་རང་བཙན་ལ་འཐབ་རྩོད་བྱེད་དགོས་པའི་ཆོད་སེམས་བཅངས།

        ལཱ་སཱེ་ཨུར་སྔོན་སོང་གི་དཔའ་བོའི་ལོ་རྒྱུས་ལས་དབྱིན་རྒོལ་རྒྱལ་སྟོབས་ཀྱི་ལག་ཆ་བཙལ་བ་མ་ཟད། དངོས་ཐོག་བདེན་འཚོལ་གྱིས་ཀྱང་དབྱིན་རྒོལ་འཐབ་རྩོད་བྱས། ཁོ་རང་ལོ12སྟེང་ཏུ་རྒྱལ་ནང་ཁྲོམ་སྐོར་དུ་ཞུགས་པ་དང་། ལོ15སྟེང་དུ་ཉེན་རྟོག་པ་དང་གདོང་གཏུག་བྱས་ཏེ་ཁྲིམས་ཁང་དུ་ལྷུང་། ཁྲིམས་ཁང་ལས་ཁོ་རང་ཨེ་ཇིའི་ཏང་ནང་དུ་ཞུགས། སྤྱི་ལོ1935ལ་ཁོ་རང་སློབ་འབྲིང་ན་ཡོད་པའི་སྐབས་ཡིན་ཞིང་སློབ་གྲྭའི་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན། ལོ་དེའི་ཟླ11པའི་ནང་དུ་ཁོས་ཐེངས་དང་པོར་སློབ་མར་འགོ་འཛིན་མཛད་ནས་ཁི་ལའོ་མི་དམངས་ཀྱི་དབྱིན་རྒོལ་ཁྲོམ་སྐོར་ཆེན་མོར་ཞུགས།

       ཟླ11པའི་ཚེས13ཉིན་ཨེ་ཇིའི་རྒྱལ་སྟོན་དུས་ཆེན་ཡིན་ཡང་དབྱིན་ཇིའི་དབང་ཤེད་ཀྱིས་ཨེ་ཇིའི་སྲིད་གཞུང་མེད་པར་བཟོས་ཏེ་ཨེ་ཇི་རང་བཙན་བྱེད་ལོ1923ཡིན་པའི་རྩ་ཁྲིམས་མེད་པར་བཟོས། ཨེ་ཇིའི་མི་དམངས་ཁོང་ཁྲོ་མེ་ལྟར་འབར་བཞིན་ཉིན་དེར་ཁྲོམ་སྐོར་བྱས། ལཱ་སཱེ་ཨུར་གྱིས་འགོ་འཛིན་མཛད་པའི་སློབ་མ་རྣམས་གྲལ་འགྲིག་པོས་ཁི་ལའོ་ལྟེ་གནས་ཐང་ཆེན་དུ་མདུན་སྐྱོད་བྱས།

        ཁོ་ཚོས་ལམ་བར་ནས༼དབྱིན་ཇི་གསོད་དགོས༽ ༼ཨ་ཇི་རང་བཙན་ཁྲི་ལོར་བརྟན་པར་ཤོག༽ཅེས་པའི་ཁ་འབོད་བྱས་པས་ཉེན་རྟོག་པ་མང་པོས་ཧ་ཅང་འཇིགས་སུ་རུང་བའི་ཉམས་བསྟན་ནས། བཙན་འགོག་བྱས་ཀྱང་ལཱ་སཱེ་ཨུར་གྱིས་འགོ་ཁྲིད་བྱས་པའི་སློབ་མ་རྣམས་ཀྱིས་ད་དུང༼དབྱིན་ཇི་བ་ཕར་སོང༽ཞེས་པའི་ཁ་འབོད་བྱེད་བཞིན་གདོང་གཏུག་བྱུང་། སྐབས་དེར་མེ་མདའི་ཙག་སྒྲ་དང་མདའ་མོའི་འཕུར་སྒྲས་གནམ་ས་གང་བ་དང་ལྷན་དུ་སློབ་གྲོགས་མང་པོར་མེ་མདའ་ཕོག་ཏེ་ཐང་ལ་འགྱེལ། གློ་བུར་དུ་མདེའུ་སྐད་ཅིག་དང་ལྷན་དུ་ལཱ་སཱེ་ཨུར་གྱི་དཔྲལ་བར་གཞོགས་ཏེ་གདོང་ཡོངས་སུ་ཁྲག་དམར་གྱིས་གང་ཡང་ད་དུང་རྡོ་དང་དབྱུག་པ་སོགས་གང་ལོན་གྱིས་ཉེན་རྟོག་པ་དང་གདོང་གཏུག་འཐབ་འཛིང་བྱས།

        ཉེན་རྟོག་པའི་དྲག་གནོན་ཆེན་པོ་དེའི་འོག་ནས་སློབ་མ་རྣམས་ཀྱི་དཔུང་ཁག་འཐོར་ཞིང་། སློབ་མ་བརྒྱ་ལྷག་ཉེན་རྟོག་པས་འཛིན་བཟུང་བྱས་ཀྱང་ལཱ་སཱེ་ཨུར་ད་དུང་དཔའ་མ་ཉམས་པར་དེའི་ཕྱི་ཉིན་ཡང་མགོ་བོ་རས་དཀར་པོ་ཞིག་གིས་དཀྲིས་ཏེ་སློབ་གྲོགས་རྣམས་ལ་སྐུལ་སློང་བྱས་ནས་དབྱིན་རྒོལ་འཐབ་རྩོད་དེ་རྒྱལ་ཡོངས་སུ་ཁྱབ་པར་བྱས་ནས་དབྱིན་རྒོལ་འཐབ་རྩོད་དེ་ཟླ་ངོ་གཅིག་ཙམ་གྱི་རིང་ལ་བྱས་མཐར། སྤྱི་ལོ1923ལོའི་རྩ་ཁྲིམས་སླར་གསོ་མི་བྱེད་ཐབས་མེད་བྱུང་བ་རེད། ཛ་དྲག་ཆེ་བའི་འཐབ་རྩོད་དེའི་ཁྲོད་ནས་ལཱ་སཱེ་ཨུར་ལ་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་ཞུམ་པ་མེད་པའི་སྙིང་སྟོབས་བསྐྱེད་པས་ཁོས་དབྱིན་ཇིའི་དབང་བསྒྱུར་ལམ་ལུགས་ལ་དམར་པོ་ཁྲག་གི་ལོ་རྒྱུས་འབྲི་བའི་དམ་བཅོས་པ་རེད།

4 ཧྥ་ལོའུ་ཅའི་སྟག་རྒོད།

        ཁོ་རང་སློབ་འབྲིང་ལས་མཐར་ཕྱིན་རྗེས་ཨེ་ཇིའི་དམག་དོན་སློབ་གྲྭ་ཆེན་མོར་ཞུགས་ཏེ་ཁོའི་ཕུལ་དུ་བྱུང་བའི་སྦྱངས་འབྲས་དང་ལྷན་དུ་མཐར་ཕྱིན་ནས་སློབ་གྲྭ་དེར་བྱ་བ་བསྒྲུབས།

        སྤྱི་ལོ1948ལོར་ཐེངས་དང་པོར་ཀྲུང་ཤར་དམག་འཁྲུག་ཆེན་མོ་ལངས་སྐབས། ལཱ་སཱེ་ཨུར་ལ་དམག་དཔོན་གྱི་མིང་ཙམ་ལས་མེད། ཟླ10བར་ཁོ་རང་ཡོད་པའི་དམག་དཔུང་དེར་དབྱི་སི་ལེའི་དམག་དཔུང་གིས་ཧྥ་ལོའུ་ཅ་ཞེས་པའི་གྲོང་ཁྱེར་ཆུང་ཆུང་ཞིག་ཏུ་བསྡུས་ཏེ་མཐའ་བསྐོར་བྱས། སྐབས་དེར་ཨཱ་ལཱ་པོའི་དམག་དཔུང་ཚང་མ་ཕྱིར་འཐེན་བྱས་ཚར་བས་ཧྥ་ལོའུ་ཅ་གྲོང་ཁྱེར་སྟོང་བར་ལུས་ཡོད་སྟབས་ཉེན་ཁ་ཆེན་པོ་བྱུང་། སྐབས་དེར་ལཱ་སཱེ་ཨུར་གྱིས་ཐབས་བཀོད་ཅིག་དྲན་ནས་མགོ་འདོགས་ཁུལ་བྱས་ཏེ་དགྲ་དམག་དང་འདུམ་གྲོས་བྱེད་པར་ཐག་བཅད། དབྱི་དམག་གིས་ཨེ་ཇིའི་དམག་དཔུང་ཕམ་པར་རྒྱག་ཐུབ་སོང་སྙམ་ནས་ང་རྒྱལ་གྱིས་ཨེ་ཇེའི་དམག་དཔུང་ལ་མྱུར་དུ་ལག་ཆ་སྤྲོད་དགོས་པའི་བཀའ་གཏམ་བསྒྲགས། ལཱ་སཱེ་ཨུར་གྱིས་ཧ་ཅང་སྐྲག་སྣང་གི་ཚུལ་བསྟན་ནས་དགྲ་དམག་ལ་མགོ་འདོགས་པའི་ཆ་རྐྱེན་མང་པོ་བཤད་བཞིན་བསམ་གཟས་ནས་དུས་ཚོད་           འགོར་འགྱང་དུ་བཏང་བས། ཨེ་ཇིའི་དམག་དཔུང་ལ་གྲ་སྒྲིག་དང་ངལ་གསོ་ཡུན་རིང་ཞིག་བྱས་མཐར་དབྱི་དམག་གིས་བཀའ་གཏམ་སྟོང་ཟད་དུ་བཏང་ནས་ཁྱོད་ཆེ་ན་ང་ཆེ། གཡག་ཆེ་ན་རྭ་ཆེ་ཞེས་པའི་དཔེ་ལྟར་ཕན་ཚུན་ལ་ཛ་དྲག་ཆེ་བའི་དམག་འཁྲུག་ལངས།

       དབྱི་དམག་གིས་ཧ་ཅང་འཇིགས་ཉམས་ཆེ་བའི་ཐན་ཁཱེ་རུ་ཁག་དང་རྐང་དམག་གཉིས་མཉམ་གཅིག་ཏུ་ལྡིར་སྒྲས་གནམ་ས་གང་བ་ལྟར་ཆས་བྱུང་། ལཱ་སཱེ་ཨུར་གྱིས་སྤྱང་གྲུང་ལྡན་པའི་ངང་ནས་མཛུབ་སྟོན་བྱས་ཏེ་སྔོན་ན་དགྲ་དམག་ཐན་ཁཱེ་རུ་ཁག་རྩ་མེད་གཏོང་དགོས་ཞེས་བཀའ་བསྒྲགས་པས། དགྲ་དམག་གི་ཐན་ཁཱེ་གྲངས་མེད་པ་ཞིག་ལ་མེ་སྒྱོགས་ཕོག་ཏེ་རང་ས་ནས་མེ་དཔུང་མཆེད།

       སྐབས་དེར་ལཱ་སཱེ་ཨུར་གྱིས་ཨེ་ཇེའི་ཐན་ཁཱེ་རུ་ཁག་ལ་བཙན་རྒོལ་བྱེད་དུ་བཅུག་པས་དགྲ་དམག་ལ་བསམ་ཡུལ་འདས་པའི་ཕམ་ཁ་ཆེན་པོ་བཟོས་ནས་དམག་དཔུང་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་། དེ་ལྟར་ལས་སླ་བོའི་བཙན་རྒོལ་བྱེད་པ་ནི་ཕམ་ཁ་ཉོ་བའི་སྔ་ལྟས་ཤིག་ཡིན་པའི་ཉམས་མྱོང་བཟང་བོ་ཞིག་ཀྱང་ཐོབ་པ་རེད།

        ཨེ་ཇིའི་དམག་དཔུང་གིས་ཟླ་ངོ་གསུམ་གྱི་རིང་ལ་ཧྥ་ལོའུ་ཅ་གྲོང་ཁྱེར་སྲུང་སྐྱོབ་བྱས་མཐར་ཕན་ཚུན་ལ་དམག་མི་རྒྱག་པར་ཆིངས་ཡིག་བཀོད་རྗེས་ལཱ་སཱེ་ཨུར་གྱིས་དམག་དཔུང་ཕྱིར་འཐེན་བྱས་པ་རེད། ལཱ་སཱེ་ཨུར་ལ་གཟེངས་བསྟོད་ཀྱི་བྱ་དགའ་ཐོབ་པ་མ་ཟད་ཁོ་རང་དམག་དཔོན་དུ་བསྐོས་ཏེ་མི་རྣམས་ཀྱི་ང་རྒྱལ་གྱིས་ཁོ་ལ་ཧྥ་ལོའུ་ཅའི་སྟག་རྒོད་ཅེས་པའི་མཚན་སྙན་གསོལ།

5 ཟླ་བདུན་པའི་གསར་བརྗེ།

       ཐེངས་དང་པོའི་ཀྲུང་ཤར་དམག་འཁྲུག་ལངས་རྗེས། ཨེ་ཇིའི་རུལ་སུངས་དཔོན་པོ་རྣམས་ལ་རུལ་སུངས་བྱེད་པའི་སྐལ་བ་དང་བྲལ། སྐབས་དེའི་ཨེ་ཇིའི་རྒྱལ་བོའི་མིང་ལ་ཧྥ་ལོའུ་ཁཱི་ཟེར་བ་ཞིག་ཡིན་ཞིང་། ཁོས་རྒྱལ་ཁབ་གཞན་ལ་བཙོང་ཞིང་དགེ་མཚན་རང་གིས་བླངས་ཏེ་ཨེ་ཇིའི་མི་རིགས་ཀྱི་ཁེ་ཕན་དང་ལས་དབང་དབྱིན་ཇིའི་ལག་ཏུ་སྤྲད་ཡོད། ཁོ་རང་ད་དུང་ཁྲག་དྲི་བྲོ་བའི་དམག་འཁྲུག་འདིའི་ཁྲོད་ན་གཡེམ་མ་མང་པོས་          མཐའ་བསྐོར་ནས་དགའ་སྐྱིད་ཀྱི་ཆང་གར་ལ་རོལ་བཞིན་ཡོད་ཅིང་། མངའ་འོག་གི་དམག་དཔོན་རྣམས་ཀྱང་མི་སེར་ལ་བཤུ་བཞོག་བྱེད་པ་ལས་དམག་འཁྲུག་ལ་མཛུབ་སྟོན་དང་གཡུལ་འགྱེད་བྱེད་པའི་ནུས་པ་དང་བྲལ།

        ལཱ་སཱེ་ཨུར་ནས་གལ་ཏེ་ཨེ་ཇིའི་མི་དམངས་རྣམས་དབྱིན་ཇིའི་དབང་བསྒྱུར་ལས་ཐར་བར་བྱེད་དགོས་ན། ཐོག་མར་ངེས་པར་དུ་ཧྥ་ལོའུ་ཁིའི་སྲིད་གཞུང་གཏོར་བཤིག་གཏོང་དགོས། དེའི་ཕྱིར་ཁོའི་དམག་དཔུང་ནང་ཁུལ་དུ་ལྐོག་གྱུར་གྱིས་རང་དབང་དམག་དཔོན་ཚོགས་པ་ཞེས་པ་ཞིག་རྩ་འཛུགས་བྱས་ཏེ་སྤྱི་ལོ1952ལོའི་ཟླ7པའི་ཚེས22ཉིན་གྱི་ནུབ་མོ་དྲག་པོའི་དཔུང་ཁག་གིས་འོས་ལངས་བྱེད་པའི་འཆར་འགོད་བགྱིས།

       སྲིད་གཞུང་གིས་རང་དབང་དམག་དཔོན་རྩ་འཛུགས་ཚོགས་པ་དེར་ཤེས་རྟོགས་བྱུང་ནས་མྱུར་དུ་ཚོགས་འདུ་བསྡུས་ཏེ་འོས་ལངས་བྱེད་མཁན་རྣམས་དུས་གཅིག་ཏུ་འཛིན་བཟུང་བྱེད་པའི་བཀའ་ཡིག་བསྒྲགས།

       ལཱ་སཱེ་ཨུར་གྱིས་སྲིད་གཞུང་གིས་གནས་ཚུལ་ཚང་མ་གསལ་བོར་རྟོགས་ཡོད་པ་མ་ཤེས་པར་དུས་ནུབ་མོ་ཚོགས་འདུ་བསྡུས་ཏེ་འོས་ལངས་ཀྱི་འཆར་འགོད་ལ་གྲོས་བསྡུར་བྱེད་བཞིན་པའི་སྐབས་སུ། གློ་བུར་དུ་དམག་དཔོན་ཞིག་ཐོན་ཡོང་ནས་ང་ཚོའི་གནས་ཚུལ་ཚང་མ་ཁོ་ཚོས་ཤེས་རྟོགས་བྱུང་ཚར་བས་ད་ལྟ་འགག་སྒོ་ཐམས་ཅད་བཀག་ཚར་བ་དང་ག་ས་གང་དུ་རྩད་ཞིབ་བྱེད་བཞིན་ཡོད་ཟེར་བས་ཚོགས་ཁང་དེའི་ནང་དུ་ཚང་མ་འཚབ་འཚུབ་ཏུ་གྱུར་ཏེ་ལ་ལས་ང་ཚོའི་འོས་ལངས་དུས་ལྟར་དུ་བྱེད་མི་རུང་དགྲ་དམག་ལ་སྔོན་ནས་གྲ་སྒྲིག་ཡོད་ཟེར། ལ་ལས་འོས་ལངས་ངེས་པར་དུ་དུས་ལྟར་བྱེད་དགོས་གཏན་ནས་འགོར་འགྱང་བྱེད་མི་རུང་ཟེར།

        སྐབས་དེར་ལཱ་སཱེ་ཨུར་གྱིས་དཔའ་མཛངས་གཉིས་ལྡན་ངང་ཚོགས་ཆེན་དུ་བཤད་རྒྱུར། འཐབ་གྲོགས་རྣམ་པ། དམ་པས་མང་བོའི་ཁས་འཆེ་མི་བྱེད་ཅིང་། གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། ཤི་ཡང་གཞན་དུ་བྱེད་པ་མི་འགྱུར་རོ།། ཞེས་པ་ལྟར་ང་ཚོས་ཆུ་ཁར་ཐོན་དུས་རྟ་ཁ་འཐེན་ཐབས་ག་ན་ཡོད། ང་ཚོའི་འོས་ལངས་ད་ལྟ་ཉིད་དུ་འགོ་རྩོམ་རྒྱུ་ཡིན་ཞེས་བཤད་དེ་འོས་ལངས་བྱེད་པའི་དུས་ཚོད་སྔོན་ལས་ཆུ་ཚོད་གཅིག་གིས་ཉེ་བར་བྱེད་བྱས། དེའི་ནུབ་མོའི་དུས་ཚོད11སྟེང་དུ་གནམ་ས་གཡོ་འགུལ་གྱི་དྲག་པོའི་འོས་ལངས་དེ་དངོས་སུ་འགོ་བརྩམས། ལཱ་སཱེ་ཨུར་གྱིས་གཙོ་འཛིན་མཛད་པའི་དྲག་པོའི་འོས་ལངས་རུ་ཁག་གིས་ཐན་ཁཱེ་འཁོར་ལོ་དང་མེ་སྒྱོགས། དམག་མི་རྣམས་ཀྱིས་འོད་ལམ་ལམ་གྱི་མེ་མདའ་སོགས་བཟུང་ནས་འཇིགས་སུ་རུང་བའི་གཟི་ཉམས་ཀྱིས་ཁི་ལོའུ་སྲང་མདོ་རུ་འབྱོར།

        དགྲ་དམག་གི་སྐམ་སའི་སྤྱིའི་དམག་དཔུང་གི་སྤྱི་ཁྱབ་ཁང་དུ་གློག་འོད་ཁྲ་ལམ་མེར་བྱས་འདུག་ཅིང་ཁོ་ཚོས་སང་ཉིན་རང་དབང་དམག་དཔོན་ཚོགས་པ་ཇི་ལྟར་འཛིན་བཟུང་བྱེད་དགོས་པར་འཆར་འགོད་བྱེད་བཞིན་པའི་སྐབས་དེར། གང་ནས་ཡོང་བ་མ་ཤེས་པའི་དམག་དཔུང་ཞིག་གིས་ཚོགས་ཆེན་དེར་ཡོད་པའི་དམག་དཔོན་དང་དམག་མི་ཚང་མ་འཛིན་བཟུང་བྱས་ཏེ་འོས་ལངས་དམག་འཁྲུག་བསླངས། འོས་ལངས་དམག་དཔུང་གིས་ཞོགས་པའི་ཆུ་ཚོད་གཉིས་ཙམ་གྱི་སྟེང་དུ་ཀུན་ཁྱབ་རླུང་འཕྲིན་དང་རླངས་འཁོར་འབབ་ཚིགས། གློག་འཕྲིན་ཁང་། གནམ་གྲུ་འབབ་ཐང་། དམག་དཔུང་སྐྱེལ་འདྲེན་ལྟེ་གནས་སོགས་གནད་འགག་གི་ས་གནས་དང་ལས་ཁུངས་མང་པོ་བཙན་བཟུང་བྱས།

        སྔ་དྲོའི་དུས་ཚོད་བདུན་གྱི་སྟེང་རྟ་བདུན་དབང་པོའི་དམར་མདངས་ཀྱི་འོད་ཟེར་ལྷམ་མེར་འཕྲོ་བཞིན་རྒྱ་མཚོའི་ངོས་ལས་དལ་བུར་འཕགས་ཤིང་། ཁི་ལོའུ་གྲོང་ཁྱེར་སླར་ཡང་ཨེ་ཇིའི་མི་དམངས་ཀྱི་པང་དུ་ལོག ཀུན་ཁྱབ་རླུང་འཕྲིན་དུ་རུལ་སུངས་ཀྱི་སྲིད་གཞུང་ཕམ་པར་བརྒྱབ་ཅིང་སྲིད་སྐྱོང་གསར་བའི་དབུ་བརྩམས་པ་སོགས་རྒྱང་སྒྲོག་བྱེད་བཞིན་འདུག་ལ། ཁི་ལོའུ་གྲོང་ཁྱེར་དུ་ཨེ་ཇིའི་མི་དམངས་ཁྲི་སྟོང་མང་པོས་དགའ་བའི་འབོད་སྒྲ་དང་རྒྱལ་ཁའི་གླུ་དབྱངས་བར་སྣང་དུ་ཁྱབ་བཞིན་བདུན་པའི་གསར་བརྗེ་ལ་བླ་ན་མེད་པའི་རྒྱལ་ཁ་ཐོབ་པར་དགའ་བསུ་བྱེད་བཞིན་ཡོད།

6 འཛམ་གླིང་གཡོ་འགུལ་གཏོང་བའི་སེང་རྒོད།

       སྤྱི་ལོ1953ལོའི་ཟླ6པར་ཧྥ་ལོའུ་ཁི་སྲིད་གཞུང་ཕམ་པར་བཟོས་ཏེ། ཨེ་ཇིའི་སྤྱི་མཐུན་རྒྱལ་ཁབ་དངོས་སུ་དབུ་བརྙེས། ལཱ་སཱེ་ཨུར་སྔ་གཞུག་ཏུ་ཙུང་ཐུང་གཞོན་པ་དང་ཙུང་ཐུང་བཅས་ཀྱི་གོ་གནས་བཟུང་ཡང་ཨེ་ཇིའི་རང་བཙན་གཙང་མ་དེ་དངོས་སུ་མངོན་འགྱུར་བྱུང་མ་ཐུབ། དབྱིན་ཇིས་སོས་དབྱི་ཧྲི་ས་ཁུལ་དུ་དམག་དཔུང་ཁྲི་བརྒྱད་ལྷག་གིས་བཙན་བཟུང་བྱས་ཡོད།

       སོས་དབྱི་ཧྲི་སྐྱེལ་འདྲེན་ཆུ་ལམ་ནི་ཨའོ་གླིང་དང་ཡ་གླིང་ཧྥེ་གླིང་བཅས་གླིང་ཆེན་གསུམ་གྱི་རྒྱལ་སྤྱིའི་མཚོ་ལམ་ཞིག་ཡིན་ཞིང་། མཚོ་ལམ་འདི་བརྒྱུད་ན་ཨའོ་གླིང་ནས་ཡ་གླིང་དུ་སྤྱི་ལེ་དྲུག་སྟོང་ངམ་ཁྲི1.4ཇེ་ཐུང་དུ་བཏང་ཡོད།

       སྤྱི་ལོ1869ལོར་ཨེ་ཇིའི་མི་དམངས་རྣམས་ཀྱིས་རང་གི་བླ་ན་མེད་པའི་སྙིང་སྟོབས་དང་ཕུལ་དུ་བྱུང་བའི་ལག་རྩལ་ལ་བརྟེན་ནས་མཚོ་ལམ་འདི་བཟོ་བསྐྲུན་བྱས་ཤིང་། བཟོ་བསྐྲུན་བྱེད་སྐབས་ཨེ་ཇིའི་མི་ཁྲི་ཕྲག་བཅུ་ལྷག་གིས་རང་སྲོག་བློས་བཏང་བས་འདི་ནི་ཨེ་ཇིའི་མི་དམངས་ཀྱི་བླ་ན་མེད་པའི་སྙིང་སྟོབས་མཚོན་བྱེད་ཅིག་ཀྱང་ཡིན། དབྱིན་ཇིས་དབང་བསྒྱུར་བྱས་རྗེས་མཚོ་ལམ་འདི་ཐད་ཀར་བདག་བཟུང་བྱས་ཏེ་རྒྱལ་ཁབ་ཏུ་           རྒྱལ་ཁབ་ཡོད་པའི་ལམ་ལུགས་སུ་གྱུར་པ་མ་ཟད་མཚོ་ལམ་འདིའི་ཡོང་འབབ་ཕལ་ཆེར་དབྱིན་ཇིའི་སྒོར་ཁུག་ཏུ་བླུགས། དཔེར་ན། སྤྱི་ལོ1955ལོར་མཚོ་ལམ་འདིའི་ཡོང་འབབ་མེ་སྒོར་དུང་ཕྱུར་གཅིག་ཡོད་པ་དེ་ལས་ཨེ་ཇིར་སྒོར་ཁྲི300ལས་མེད་པ་དེ་ཡིན།

        ལཱ་སཱེ་ཨུར་གྱིས་མཚོ་ལམ་འདི་ཕྱིར་ལེན་པར་མི་དམངས་ལ་འགོ་ཁྲིད་མཛད་དེ་དུས་ཡུན་རིང་པོར་དཀའ་སྡུག་གིས་འཐབ་རྩོད་བྱས། སྤྱི་ལོ1956ལོར་ཁོ་རང་དངོས་སུ་ཙུང་ཐུང་དུ་འདེམ་ཐོན་བྱུང་། སྤྱི་ལོ1956ལོའི་ཟླ6པའི་ཚེས18ལ་དབྱིན་ཇིས་བཙན་བཟུང་བྱས་པའི་དམག་དཔུང་དེ་ཕྱིར་འཐེན་བྱས། ཟླ7པའི་ཚེས26ཉིན་ལཱ་སཱེ་ཨུར་གྱིས་ནུབ་ཕྱོགས་ཀྱི་དཔལ་འབྱོར་གནོན་ཤུགས་དང་འབྲེལ་ནས་ཡ་ལོའུ་རི་བོའི་ཏཱ་ཁྲོན་མཱན་ཆི་ཡཱའི་ཐང་ཆེན་དུ་རྔམ་བརྗིད་ཀྱིས་སོས་དབྱི་ཧྲི་མཚོ་ལམ་དེ་མེས་རྒྱལ་གྱི་པང་དུ་ལོག་པར་ཁྱབ་བསྒྲགས་མཛད་པས་མི་དམངས་ཁྲི་སྟོང་མང་པོའི་དགའ་སྤྲོའི་འབོད་སྒྲས་གནམ་ས་གང་བར་བྱས།

        མཚོ་ལམ་འདི་བཙན་བཟུང་བྱེད་པར་དབྱིན་ཇི་དང་ཧྥ་རན་སི། དབྱི་སི་ལེ་བཅས་ཨ་རིས་རོགས་སྐྱོར་གྱི་འོག་ནས་ཧ་ཅང་ཁྱབ་རྒྱ་ཆེ་བའི་སྒོ་ནས་བཙན་འཛུལ་བྱས། སྤྱི་ལོ1956 ལོའི་ཟླ10པའི་ཚེས29ཉིན་ཨ་རི་དང་དབྱིན་ཇི། ཧྥ་རན་སི་བཅས་ཀྱི་གནམ་གྲུ་དང་མཚོ་གྲུའི་རོགས་འདེགས་འོག་ནས་དབྱི་སི་རེའི་དམག་དཔུང་ཁྲི4ཡིས་ཨེ་ཇིའི་ཞི་ལཱེའི་མཚོ་འགྲམ་དུ་དངོས་སུ་བཙན་རྒོལ་བྱས་པ་དང་ལྷན་དུ། དབྱིན་ཇི་དང་ཧྥ་རན་སིའི་གནམ་གྲུས་ཨེ་ཇིའི་གྲོང་གསེབ་ཏུ་སྙིང་རྗེ་མེད་པར་གད་རྫས་མང་པོ་འཕངས། ལཱ་སཱེ་ཨུར་གྱི་བཞིན་ལ་སྐྲག་པའི་ཉམས་སྣང་ཙམ་ཡང་མེད་པར་ཚོགས་འདུ་བསྡུས་ཏེ་དགྲ་དམག་ལ་ཇི་ལྟར་འཐབ་འཛིང་བྱེད་དགོས་པའི་འཆར་གཞི་དང་གྲོས་འགོད་བྱེད་སྐབས་མི་ཞིག་གིས་ཁོ་ལ་ལཱ་སཱེ་ཨུར་ཁྱོད་ཀྱིས་དབྱིན་ཇི་ལ་མགོ་འདོགས་རོགས། ཁོ་ཚོར་དགོས་པ་ནི་ཁྱེད་རང་གཅིག་པུ་ཡིན་ཞེས་བཤད། ལཱ་སཱེ་ཨུར་ཁོང་ཁྲོའི་མེ་ལྟར་འབར་བཞིན་ངས་མགོ་འདོགས་བྱེད་པ་ལས་ང་དམག་འཁྲུག་ཁྲོད་ཤི་ན་དགའ་ཞེས་ལན་བཏབ།

       ལཱ་སཱེ་ཨུར་གྱིས་དཔའ་ངར་ཞུམ་མེད་ཀྱིས་མུ་མཐུད་དུ་དམག་དཔུང་ལ་མཛུབ་སྟོན་བྱས། ཁོས་མཁའ་དམག་ལ་ཤིང་གི་གནམ་གྲུ་མང་བོ་བཟོ་རུ་བཅུག་ཏེ་གནམ་གྲུ་འབབ་ཐང་དུ་བཞག དབྱིན་ཇི་དང་ཧྥ་རན་སིས་གཏམ་བསྒྲགས་ནས་དེ་འདྲའི་གནམ་གྲུ་མང་བོ་ཞིག་གང་ནས་ཡོང་བ་རེད། ང་ཚོས་ངེས་པར་དུ་གནམ་གྲུ་དེ་དག་རྩ་མེད་དུ་གཏོང་དགོས་ཟེར། ཁོ་ཚོས་གནམ་གྲུ200རྩ་མེད་དུ་བཏང་ཡང་ཕལ་ཆེར་ཤིང་གི་གནམ་གྲུ་ཤ་སྟག་རེད། དྲག་འཐབ་ཁྲོད་དུ་ཁོས་རང་སྲོག་ལ་ཕངས་པ་མེད་པར་གཡུལ་ས་རུ་སོང་ནས་མཛུབ་སྟོན་དང་དམག་དཔུང་ལ་ང་ཚོར་ངེས་པར་དུ་རྒྱལ་ཁ་འཐོབ་དགོས། ང་ཚོའི་ཁི་ལོའུ་གྲོང་ཁྱེར་དེ་སི་ཏཱ་ལིན་གྱི་ཀི་ལེའུ་གཞན་པ་ཞིག་ཏུ་བྱེད་དགོས་ཟེར།

       ལཱ་སཱེ་ཨུར་གྱི་དབུ་ཁྲིད་དང་ཨེ་ཇིའི་མི་དམངས་ཀྱི་དོན་དུ་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་ཀྱིས་སྐུལ་སློང་དང་ཤུགས་རྐྱེན་དྲག་པོ་ཐེབས་ཏེ་ཨེ་ཇིའི་དམག་རྣམས་རང་སྲོག་འབེན་ལ་འཇོག་ཐུབ་པའི་ཆོད་སེམས་སྐྱེས། ཉིན་གཉིས་ཀྱི་རིང་ལ་དགྲ་དམག་གི་གནམ་གྲུ18ཐང་ལ་འཕངས་པ་དང་རང་གི་གནམ་གྲུ་གསུམ་ལས་གྱོང་གུད་མ་བྱུང་ཞིང་། མེའུ་ཐུ་ལཱ་རི་འདབས་སུ་དབྱི་སི་ལེའི་དམག་དཔུང་ལ་ཤི་རྨས་ཚབས་ཆེན་བཟོས་པས་དགྲ་དམག་ལ་ཕམ་ཁ་དང་བསམ་བློའི་སྟེང་དུ་དངངས་སྐྲག་ཆེན་པོ་བཟོས།

        ཨེ་ཇིའི་མི་དམངས་ཀྱིས་བདེན་དོན་དུ་འཐབ་རྩོད་བྱས་པར་འཛམ་གླིང་མི་དམངས་ཀྱིས་རོགས་སྐྱོར་ཆེན་པོ་ཐོབ་ཏེ་དབྱིན་ཇི་དང་ཧྥ་རན་སི། དབྱི་སི་ལེ་བཅས་བཙན་འཛུལ་དམག་དཔུང་ལ་ཕམ་ཉེས་ཚབས་ཆེན་བྱུང་ནས་ཟླ11པའི་ཚེས6ཉིན་དམག་འཁྲུག་མཚམས་བཞག་པ་དང་དམག་དཔུང་ཕྱིར་འཐེན་པའི་བསྒྲགས་གཏམ་འཛམ་གླིང་དུ་སྤེལ་ཏེ་དབྱིན་ཇིའི་གཙོ་འཛིན་ཨེར་ཏུན་དཔོན་ས་ལས་མི་འབབ་ཐབས་མེད་བྱུང་བས་ཨེ་ཇིའི་མི་དམངས་ལ་ཐེངས་གཉིས་པའི་དབུས་ཤར་དམག་འཁྲུག་གི་རྒྱལ་ཁ་ཐོབ་ཅིང་། ལཱ་སཱེ་ཨུར་ནི་ཨཱ་ལཱ་པོ་མི་རིགས་ཀྱི་དཔའ་བོར་གྱུར་པས་སྟག་རྒོད་ལས་ཨཱ་ལཱ་པོའི་སེང་རྒོད་དུ་གྱུར་བ་རེད།

        སོས་དབྱི་ཧྲི་དམག་འཁྲུག་མཇུག་རྫོགས་རྗེས་ཨེ་ཇི་དང་དབྱི་སི་ལེ་རྒྱལ་ཁབ་གཉིས་དམག་འཁྲུག་རྒྱུན་མི་ཆད་ཅིང་། དབྱི་སི་ལེས་ཨེ་ཇི་ཕམ་པར་བརྒྱབ་རྗེས་ད་གཟོད་དབུས་ཤར་དམག་འཁྲུག་གཞན་པ་ཞིག་ལ་འགོ་རྩོམ་འདོད་སྐྱེས་ཀྱང་དོན་གྱིས་ཉམས་ཆུང་བའི་བྱུ་ལིས་ཡཱ་དང་ཡའོ་ཏཱན་གཉིས་ལ་དམག་རྒྱག་ཁུལ་བྱས་ཏེ་ཞོར་དུ་དམག་འཐབ་ཀྱི་གྲ་སྒྲིག་དང་དམག་མི་བསྡུ་སྒྲིག་སོགས་བྱས་ཏེ་ལྐོག་ཏུ་ཨེ་ཇིར་དམག་རྒྱག་པའི་གྲ་སྒྲིག་ཡག་པོ་བྱས་པ་རེད། ལཱ་སཱེ་ཨུར་གྱིས་དོན་དེ་མ་རྟོགས་པར་དབྱི་སི་ལེའི་དམིགས་ཡུལ་གཙོ་བོ་བྱུ་ལིས་ཡཱ་དང་ཡའོ་ཏཱན་ཡིན་པ་ལས་རང་འགུལ་གྱིས་ཨེ་ཇིར་དམག་རྒྱག་མི་སྲིད་སྙམ། ཨ་རི་དང་སུའུ་ལིན་གྱིས་ཀྱང་དབྱི་སི་ལེས་དེ་ལྟར་དམག་མི་རྒྱག་པར་དམ་བཅའ་བྱས་ཡོད་པར་བདེན་དུ་བཟུང་ནས་ཁོའི་སྤྱིའི་གཏམ་བཤད་ཆེན་པོ་གསུམ་གྱི་སྟེང་ནས་ཨེ་ཇིས་མེ་མདའ་དང་པོ་གཏན་ནས་རྒྱག་མི་སྲིད་ཅེས་གསུངས། འོན་ཀྱང་དབྱི་སི་ལེས་སྔོན་ནས་དམག་འཐབ་ཀྱི་གྲ་སྒྲིག་ཡོད་པ་སུ་ཡིས་ཤེས་ཐུབ།

       སྤྱི་ལོ1967ལོའི་ཟླ6པའི་ཚེས5ཉིན་དབྱི་སི་ལེའི་དམག་དཔུང་གིས་གློ་བུར་དུ་ཨེ་ཇིར་བཙན་རྒོལ་བྱས་ཏེ་དགྲ་དམག་གི་གནམ་གྲུ་བརྒྱ་ཕྲག་ཁ་ཤས་ཀྱིས་གནམ་ས་གཡོ་འགུལ་གཏོང་བའི་གད་རྫས་མང་པོ་འཕངས་ཏེ་ཨེ་ཇིའི་གནམ་གྲུ300རྩ་མེད་དུ་བཏང་བས་ཨེ་ཇིའི་མཁའ་དམག་ལ་ནུས་ཤུགས་ཞན་པར་བཏང་རྗེས། དགྲ་དམག་གིས་སྐམ་ས་ནས་བཙན་རྒོལ་བྱས་ཏེ་བྱུ་ལིས་ཡཱ་དང་ཡའོ་ཏཱན་དང་ཨེ་ཇི་བཅས་ཉིན་ལྔའི་རིང་ལ་ཨཱ་ལཱ་པོའི་དམག་དཔུང་མང་བོ་ཕམ་པར་བརྒྱབ་པ་མ་ཟད་ས་གནས་ཕལ་ཆེར་བཙན་བཟུང་བྱས་པ་རེད།

       ཨེ་ཇིའི་ཐེངས་གསུམ་པའི་དབུས་ཤར་དམག་འཁྲུག་ཁྲོད་ཕམ་ཁ་ཁུར་རྗེས། ལཱ་སཱེ་ཨུར་སྙིང་རླུང་སྟོད་ལ་འཚང་ནས་རང་ཉིད་དཔོན་ས་ལས་འབབ་པའི་སྙན་ཞུ་བྱས་ཏེ་དམག་འཁྲུག་ཕམ་ཁ་ཉོས་པ་རང་ཉིད་གཅིག་པུའི་སྐྱོན་ཡིན་པའི་ངོས་ལེན་ཞུས་ཀྱང་། ཨེ་ཇིའི་མི་དམངས་ཀྱིས་ཁོ་ལ་བློ་སེམས་འགྱུར་མེད་ཀྱིས་དགའ་བ་དང་ཁོ་ལ་ཡིད་ཆེས་ཆེ་སྟབས་མི་དམངས་ཁྲི་ཕྲག་མང་པོས་ཙུང་ཐུང་ཕོ་བྲང་གི་མཐའ་བསྐོར་ནས་ཁོ་རང་ཙུང་ཐུང་བྱེད་དགོས་པའི་གདུང་འབོད་བྱས་སྟབས་སླར་ཡང་མི་དམངས་ཀྱི་རེ་བ་དང་ལེན་མི་བྱེད་ཐབས་མེད་བྱུང་བས་དུས་དེ་ནས་བཟུང་ཁོ་ལ་བསམ་བློའི་སྟེང་དུ་རྨས་སྐྱོན་ཚབས་ཆེན་བྱུང་ནས་ཉིན་རེ་ནས་ཉིན་རེར་ཇེ་ཞན་དུ་སོང་།

       སྤྱི་ལོ1970ལོའི་ཟླ9པའི་ཚེས28ཉིན་ཁོའི་སྙིང་གི་འཕར་ལྡིང་གི་མཚམས་ཆད། སྐབས་དེར་ཁོང་དགུང་ལོ52ཡིན།

       ཁོ་རང་སྐུ་གཤེགས་རྗེས་ཨེ་ཇི་དང་ཨཱ་ལཱ་པོའི་རྒྱལ་ཁབ་མང་པོས་མྱ་ངན་གྱི་གདུང་འབོད་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་རྒྱལ་དར་ཕྱེད་དུ་ཕབས་པ་དང་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཁོའི་མྱ་ངན་ཚོགས་ཆེན་དུ་ཞུགས།

       ཉི་ལའོ་ཆུ་བོའི་འགྲམ་གྱི་སེང་རྒོད། ཁྱེད་ནི་ཨེ་ཇི་དང་འཛམ་གླིང་མི་དམངས་ཀྱི་སེམས་སུ་ནམ་ཡང་འཚོ་ཞིང་བཞུགས་སོ།།