ཡོངས་འཛིན་རིག་མཛོད། >སློབ་གསོ། >སེམས་ཁམས་རིག་པ།

གཤིས་རྒྱུད།

གཤིས་རྒྱུད་ནི་མི་ཞིག་གིས་དོན་དངོས་ལ་འཆིང་བའི་བརྟན་བརླིང་གི་རྣམ་འགྱུར་དང་དེ་མཐུན་གྱི་གོམས་སྲོལ་ཅན་གྱི་སྤྱོད་ལམ་གྱི་རྣམ་པ་ཞིག་ཡིན་ཞིང་། དེ་ནི་མིའི་རང་གཤིས་ཀྱི་ནང་ནས་ཆེས་གལ་ཆེན་དང་ཆེས་མངོན་གསལ་གྱི་སེམས་ཁམས་ཁྱད་ཆོས་ཤིག་ཡིན་ལ། མིའི་རང་གཤིས་ཀྱི་ཁྲོད་དུ་གཙོ་གནས་ཀྱི་ནུས་པ་འདོན་གྱིན་ཡོད་པས། མི་དང་མིའི་ཁྱད་པར་འབྱེད་བྱེད་ཀྱི་གཅིག་བསྡུས་ཀྱི་མངོན་རྟགས་ཤིག་ཡིན།

རིགས་དབྱེ།  

དྲན་པ།

དྲན་པའི་ནུས་ཤུགས་ལེགས་པོ་ཞིག་ཡོད་ན་དེང་རབས་ཚན་རིག་དང་རིག་གནས་ཤེས་ཡོན་ཁོང་དུ་ཆུད་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་གསོག་ཐུབ་པ་དེ་ཀུན་གྱིས་ཤེས། གལ་ཏེ་མིས་བརྒྱུད་མྱོང་བའི་སྔར་བྱས་ལས་དོན་ཚང་མ་བརྗེད་ན་འཚོ་ཐབས་མེད་ལ། ཤེས་རིག་འཕེལ་བ་དང་ཡར་ཐོན་ཡོང་བ་ལྷག་པར་མེད། དྲན་པ་དེ་ལྟར་གལ་ཆེ་ན། དྲན་པ་ནི་ཡང་སྙིང་ཇི་ལྟ་བུ་ཞིག་ཡིན་ནམ། ཇི་ལྟར་བྱས་ན་ད་གཟོད་དྲན་པའི་ཆུ་ཚད་མཐོར་འདེགས་ཐུབ་བམ།

རིགས་དབྱེ།  

ནུས་པ།

བྱ་འགུལ་ཞིག་བདེ་བླག་ངང་སྒྲུབ་པར་ངེས་པར་དུ་མཁོ་ཞིང་ཐད་ཀར་བྱ་འགུལ་ལས་ཆོད་ལ་ཤུགས་རྐྱེན་ཐེབས་པའི་རང་གཤིས་ཀྱི་ཁྱད་རྟགས་དང་ཤེས་བྱའི་འཇོན་ཐང་དང་སྐྱེས་སྟོབས་ཀྱི་ཤེས་རབ་ཀྱི་རྨང་གཞི་ཡིན། ནུས་པ་དང་ཤེས་བྱའི་འཇོན་ཐང་། སྐྱེས་ཐོབ་ཀྱི་ཤེས་རབ། ནུས་པ་དེ་རྟག་པར་བྱ་འགུལ་ཞིག་དང་སྦྲེལ་ཡོད་ཅིང་ཐད་ཀར་བྱ་འགུལ་བདེ་བླག་ངང་འགྲུབ་པར་ཤུགས་རྐྱེན་ཐེབས་ཡོད།

རིགས་དབྱེ།  

བསམ་གཞིགས།

བྱ་དངོས་ཀྱི་གཤིས་ལུགས་དང་ནང་ཁུལ་གྱི་ཆོས་ཉིད་རང་བཞིན་དེ་མིའི་ཀླད་པར་ཤར་བ་དང་ཡང་ན་མིའི་ཀླད་པས་ཡིད་ཤེས་དང་དབང་ཤེས་ཀྱིས་འདོན་སྤྲོད་བྱེད་པའི་དཔྱད་གཞིར་སྙིགས་དོར་བཅུད་ལེན་དང་རྫུན་སྤང་བདེན་རྫུན། འདི་ནས་དེ་ཤེས། ཕྱི་ནས་ནང་ཤེས་ཀྱི་ལས་སྣོན་བྱེད་པ་ལ་ཟེར། མིའི་ཀླད་པར་ཕྱི་ཡུལ་གྱི་བྱ་དངོས་ཀྱི་ངོ་བོ་དང་ཆོས་ཉིད་དེ་གཞན་བརྒྱུད་དང་མདོར་བསྡུས་ནས་ཚུར་སྣང་བ་ཡིན། བསམ་གཞིགས་དང་རྟོག་འཆར། ཚོར་བ། ཚོར་ཤེས་སོགས་སེམས་ཁམས་སྣང་ཚུལ་ཚང་མ་ནི་མིའི་ཀླད་པར་ཕྱི་རོལ་བྱ་དངོས་ཚུར་སྣང་བྱུང་བ་ཞིག་ཡིན། ཚང་མ་མིའི་སེམས་ཁམས་བརྒྱུད་རིམ་གྱི་ཤེས་རྟོགས་བརྒྱུད་རིམ་དུ་གཏོགས། དེའི་ཕྱིར། ཚོར་བ་དང་ཚོར་ཤེས་ནི་མིའི་ཀླད་པར་ཚོར་དབང་གིས་ཐད་ཀར་ནུས་པ་ཐོན་ནས་ཕྱི་ཡུལ་ཚུར་སྣང་བ་ཡིན། བསམ་གཞིགས་དང་རྟོག་འཆར་ནི་ཚོར་བ་དང་ཚོར་ཤེས་གྱི་རྨང་གཞིའི་ཐོག་ཕྱི་ཡུལ་སྔོན་ལ་ཚུར་སྣང་བ་ཡིན། འདི་ནི་མི་དང་སྲོག་ཆགས་ཀྱི་ཁྱད་པར་འབྱེད་པའི་རྩ་བའི་ཁྱད་ཆོས་ཤིག་ཡིན་ལ་མིས་ཕྱི་ཡུལ་མངོན་པའི་ཚུར་སྣང་གི་ཆེས་མཐོའི་རྣམ་པ་ཡིན།

རིགས་དབྱེ།  

ཡིད་འཇོག

མིའི་སེམས་ལས་དེ་ཡུལ་ངེས་ཅན་ཞིག་ལ་དམིགས་པ་དང་གཅིག་ཏུ་སྡུད་པ་ཡིན། ཡིད་འཇོག་ནི་སེམས་ཀྱི་སྣང་ཚུལ་ཁྱད་པར་བ་ཞིག་ཡིན་ཏེ། སྒེར་ཚུགས་ཀྱི་སེམས་ཁམས་ཀྱི་བརྒྱུད་རིམ་མེད། དེ་ནི་ཚོར་བ་དང་ཚོར་ཤེས། དྲན་པ། བསམ་གཞིགས། རྟོག་འཆར་སོགསཀྱི་སེམས་ཁམས་བརྒྱུད་རིམ་གྱི་ངང་ཚུལ་ཞིག་ཡིན། དམིགས་པའི་རང་བཞིན་དང་གཅིག་སྡུད་རང་བཞིན་ནི་དོ་སྣང་གི་རྩ་བའི་ཁྱད་ཆོས་གཉིས་ཡིན།

རིགས་དབྱེ།  

བརྗེད་ངས།

ངོས་ཟིན་པའི་ཡིག་ཆ་དེ་ཡང་བསྐྱར་ངོས་འཛིན་དང་བསྐྱར་ཤར་མི་ཐུབ་པའམ་ཡང་ན་ཡང་བསྐྱར་ངོས་འཛིན་དང་བསྐྱར་ཤར་ལ་ནོར་འཁྲུལ་བྱུང་བའི་སྣང་ཚུལ་ཚང་མ་བརྗེད་ངས་སུ་གཏོགས། སླ་མོར་བཤད་ན་དྲན་པ་ཉམས་པ་ནི་བརྗེད་ངས་ཡིན། དེ་ལ་གཏན་དུ་བརྗེད་ངས་དང་གནས་སྐབས་བརྗེད་ངས་གཉིས་ཡོད། གཏན་བརྗེད་ནི་ངོས་འཛིན་ཡང་དག་ཡིན་ལ་ཡིད་འཛིན་མི་དམ་པས་བརྗེད་པར་གྱུར་ནས་ཡང་བསྐྱར་ངོས་འཛིན་དང་བསྐྱར་ཤར་མི་ཐུབ་པ། དཔེར་ན། སྦྱངས་ཟིན་པའི་ཤེས་བྱ་བསྐྱར་སྦྱོངས་སོགས་མ་བྱས་པར་གཏན་དུ་བརྗེད་པ་ལྟ་བུ། གནས་སྐབས་བརྗེད་ངས་ནི་ངོས་འཛིན་ཡང་དག་ཡིན་ལ་ཡིད་འཛིན་དམ་མོད་འོན་ཀྱང་ཡང་བསྐྱར་ངོས་འཛིན་དང་བསྐྱར་ཤར་མི་ཐུབ་པ། དཔེར་ན། མི་ངོ་ཤེས་ཡིན་ཀྱང་གནས་སྐབས་སུ་མིང་ནས་འབོད་མ་ཐུབ་པ་ལྟ་བུ།

རིགས་དབྱེ།  

ཡིད་འགྱུར།

མིའི་ཀླད་པར་ཕྱི་རོལ་བྱ་དངོས་དེ་རང་གི་དགོས་མཁོ་དང་མཐུན་མིན་ཀྱི་འཛིན་སྟངས་ཀྱི་མྱོང་བ་དང་ཀླད་པར་ཕྱི་ཡུལ་བྱ་དགོས་དམིགས་གསལ་དུ་མཚོན་པའི་རྣམ་པ་ལ་ཟེར། མི་རྣམས་ཀྱིས་ཚོར་བ་དང་ཚོར་ཤེས། དྲན་པ། བསམ་གཞིགས་སོགས་ཀྱི་ཤེས་རྟོགས་འགུལ་སྐྱོད་ལྟར་ཕྱི་རོལ་འཇིག་རྟེན་མཚོན་སྐབས་རྟག་ཏུ་དགའ་བ་དང་སྐྱོ་བ། སྡང་བ། ཁྲོ་བ་སོགས་ཡིད་འགྱུར་རམ་སྙིང་ཁམས་དང་འགྲོགས་ཡོད།

རིགས་དབྱེ།  

སྙིང་སྟོབས།

རང་རྟོགས་ཀྱིས་དམིགས་ཡུལ་ཐག་བཅད་པ་མ་ཟད་དམིགས་ཡུལ་དེའི་རང་གི་བྱ་སྤྱོད་བཀོད་སྒྲིག་དང་སྙོམ་སྒྲིག་ལ་བརྟེན་ནས་དཀའ་ཁག་སྣ་ཚོགས་ཁྱད་དུ་བསད་དེ་དམིགས་ཡུལ་མངོན་དུ་གྱུར་པའི་སེམས་ཁམས་བརྒྱུད་རིམ་ལ་ཟེར།

རིགས་དབྱེ།  

སློབ་གཉེར།

སེམས་ཁམས་རིག་པའི་ཁྱབས་ཁོངས་སུ་སློབ་གཉེར་ནི་སྤྱོད་རྒྱ་ཆེ་བའི་མཚན་ཉིད་ཅིག་ཡིན། སྤྱིར་བཏང་དུ་སློབ་གཉེར་གྱི་མཚན་ཉིད་ནི་ཉམས་མྱོང་ལས་དྲངས་ཤིང་ཅུང་ཡུན་རིང་བའི་བྱ་སྤྱོད་ཀྱི་འགྱུར་བ་ལ་ཟེར། ཁྱབ་ཆེ་ཆུང་གཉིས་ཡོད་དེ། ཁྱབ་ཆེ་བའི་སློབ་གཉེར་ནི་མི་དང་སྲོག་ཆགས་ཚང་མར་ལྡན་ཡོད། ཁྱབ་ཆུང་བའི་སློབ་གཉེར་ནི་སློབ་གྲྭའི་ནང་གི་སློབ་མའི་སློབ་གཉེར་ལ་གོ

རིགས་དབྱེ།  

གཤིས་སྤྱོད།

ཀུན་སྤྱོད་དང་གཤིས་རྒྱུད་ལ་ཟེར་ཏེ་རང་གིས་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཚད་གཞི་ལྟར་འགུལ་སྐྱོད་བྱེད་སྐབས་སྤྱི་ཚོགས་དང་མི་གཞན་པ། ཁོར་ཡུག་གི་བྱ་དངོས་ལ་གཏན་འཇགས་ཀྱི་ཁྱད་ཆོས་སམ་ཕྱོགས་ལྷུང་ཞིག་མཚོན་པ་ལ་ཟེར།

རིགས་དབྱེ།  

ཚོགས་སྤྱིའི་སེམས་ཁམས།

ཚོགས་སྤྱི་ནི་དམིགས་ཡུལ་དང་ཚད་གཞི་གཅིག་པའི་སྣེ་ཁྲིད་འོག་མཉམ་སྡེབ་ཀྱི་འགུལ་སྐྱོད་ལས་གྲུབ་པའི་མི་ཚོགས་ལ་ཟེར་ཞིང་སྐབས་འགར་ཚོགས་པའང་ཟེར། ཐུན་མོང་ནི་དོན་ལྡན་གྱི་སྤྱི་ཚོགས་དམིགས་ཡུལ་འགྲུབ་ཆེད་གཅིག་མཐུན་གྱི་འགུལ་སྐྱོད་དམིགས་ཡུལ་ལྟར་རྩ་འཛུགས་བྱེད་ཅིང་སྒྲིག་ལམ་ཡོད་པ་དང་སེམས་ཁམས་ཕྱོགས་ལྷུང་ལྡན་པའི་ཐུན་མོང་ལ་ཟེར།

རིགས་དབྱེ།  

རང་གཤིས།

མི་ཞིག་གི་བསམ་པའི་འགྱུར་བའམ་མི་ཞིག་གི་རྒྱུན་ལྡན་དང་གཏན་འཇགས་ཀྱི་རང་གཤིས་ལ་ཕྱོགས་ལྷུང་ངེས་ཅན་ལྡན་པའི་སེམས་ཁམས་ཁྱད་རྟགས་ཀྱི་ཕྱོགས་བསྡུས་ལ་ཟེར། རང་གཤིས་ཀྱི་སེམས་ཁམས་ལ་ཕྱོགས་གཉིས་འདུས་ཡོད་དེ། རང་གཤིས་ཀྱི་ཕྱོགས་ལྷུང་རང་བཞིན་དང་རང་གཤིས་ཀྱི་སེམས་ཁམས་ཁྱད་རྟགས་ཡིན། རྒྱལ་ཁབ་ཕྱི་ནང་གི་སེམས་རིག་སྨྲ་བའི་ཁྱབ་ཁོངས་སུ་གཅིག་མཐུན་གྱི་ཁས་ལེན་པའི་མཚན་ཉིད་བཞག་མེད།

རིགས་དབྱེ།  

དགོས་མཁོ།

རྩོད་སྒྲུབ་དངོས་གཙོ་རིང་ལུགས་ལྟར་ན། དགོས་མཁོ་ནི་མིའི་ཀླད་ཤེས་ཀྱིས་གཟུགས་ཁམས་དང་སྤྱི་ཚོགས་ཀྱི་མཁོ་འདུན་ལ་འཆིང་བའི་འཛིན་སྟངས་ཤིག་ཡིན། དེ་ནི་རང་གཤིས་དགེ་མཚན་ཅན་གྱི་འབྱུང་ཁུངས་དང་། མིའི་བྱ་འགུལ་སྣ་ཚོགས་པའི་རྩ་བའི་སྒུལ་ཤུགས་ཡིན།

རིགས་དབྱེ།  

ཀུན་སློང་།

མི་རྣམས་བྱ་བ་བྱེད་པར་སྐུལ་བའི་ནང་གི་རྒྱུ་རྐྱེན་ཡིན། དེ་ནི་དགོས་མཁོ་ཞིག་སྐོང་བ་དང་འབྲེལ་བའི་འགུལ་སྐྱོད་སྒུལ་ཤུགས་ཡིན་ལ་མི་རྣམས་ཀྱི་དགོས་མཁོའི་བྱེ་བྲག་གི་མཚོན་ཚུལ་ཡིན།

རིགས་དབྱེ།  

དགའ་སྣང་།

བྱ་དངོས་ཞིག་རྩད་གཅོད་ཞིབ་དཔྱད་གང་ཐུབ་བྱེད་པའམ་བྱ་འགུལ་སྤེལ་བའི་རང་གཤིས་ཀྱི་ཞེན་ཕྱོགས་ཡིན་ལ་དེ་ནི་དགོས་མཁོ་ཤེས་རྟོགས་ཀྱི་སྙིང་ཁམས་མཚོན་ཚུལ་ཡིན། མིའི་སློབ་གཉེར་དང་བྱ་བ། བྱ་འགུལ་གཞན་པར་སྐུལ་མ་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན། མོས་པ་དང་སེམས་ཁམས་བརྒྱུད་རིམ། རང་གཤིས་ཀྱི་གྲུབ་ཆ་སོགས་ལ་འབྲེལ་བ་ཟབ་མོ་ཡོད།

རིགས་དབྱེ།  

ངང་རྒྱུད།

མི་ཞིག་གི་སེམས་ཁམས་འགུལ་སྐྱོད་ཀྱི་སྒུལ་ཤུགས་ཀྱི་ཁྱད་རྟགས་ཤིག་དང་། རང་གཤིས་སེམས་ཁམས་ཀྱི་ཁྱད་རྟགས་ཤིག་ཡིན། སེམས་ཁམས་འགུལ་སྐྱོད་ཀྱི་སྒུལ་ཤུགས་ཁྱད་རྟགས་ནི་སེམས་ཁམས་བརྒྱུད་རིམ་འབྱུང་སྐབས་ཀྱི་སྟོབས་ཤུགས་དྲན་ཞན་དང་། འགྱུར་ལྡོག་གི་མགྱོགས་བུལ། བབ་སྟུན་དང་གཏན་ཆགས་ཀྱི་ཆ་ལ་བྱའོ།། གཤིས་ཀ་ནི་དཔེ་གཞི་ཅན་དང་གཏན་ཆགས་ཀྱི་རང་གཤིས་སེམས་ཁམས་ཀྱི་ཁྱད་རྟགས་ཤིག་ཡིན་པས། མི་ཞིག་སྐྱེས་མ་ཐག་ནས་ཡོད་པའི་ཁྱད་རྟགས་ཤིག་ཡིན།

རིགས་དབྱེ།  

ཚོར་བ།

མིའི་ཀླད་པར་ཕྱི་རོལ་དངོས་པོ་བྱེ་བྲག་པའི་ཁྱབ་ཁོངས་རང་བཞིན་དེས་དབང་བོར་ཐད་ཀར་ནུས་པ་ཐོན་ནས་ཚུར་སྣང་བ་ལ་ཟེར།

རིགས་དབྱེ།  

ཚོར་ཤེས།

མིའི་ཀླད་པར་ཕྱི་རོལ་དངོས་པོ་ཧྲིལ་བོས་ཐད་ཀར་ཚོར་དབང་ལ་ནུས་པ་ཐོན་ནས་ཚུར་སྣང་བ་ལ་ཟེར་བ་དང་། ཚོར་ཤེས་ནི་འཇིག་རྟེན་ལ་ངོས་འཛིན་མཁན་ཐོག་མ་ཡིན་ལ་ཤེས་བྱ་ཡོད་ཚད་ཀྱི་ཐོག་མའི་འབྱུང་ཁུངས་ཡིན། མིའི་རིགས་ཀྱི་འཚོ་བའི་ལག་ལེན་གྱི་རྩ་བའི་ཆ་རྐྱེན་ཡང་ཡིན།

རིགས་དབྱེ།  

རྟོག་འཆར།

ཀླད་ཤེས་ལ་བསམ་གཞིགས་ཀྱིས་ཐེ་གཏོགས་བྱས་འོག སྔར་ཡོད་ཀྱི་འཆར་སྣང་ལ་ལས་སྣོན་དང་བསྒྱུར་བཅོས་ལས་སྣང་བརྙན་གསར་བ་བསྐྲུན་པའི་སེམས་ཁམས་བརྒྱུད་རིམ་ལ་ཟེར། དེ་ལས། གཅིག རྟོག་འཆར་ནི་མངོན་སུམ་ཕྱི་ཡུལ་དེ་ཀླད་པར་ཚུར་སྣང་བ་དང་མངོན་སུམ་གྱི་ཕྱི་ཡུལ་ནི་རྟོག་འཆར་གྱི་འབྱུང་ཁུངས་ཡིན། གཉིས། རྟོག་འཆར་དང་བསམ་གཞིགས་ཀྱི་འབྲེལ་བ་དམ་ཟབ་ཡིན་ལ་རྟོག་འཆར་གྱིས་བརྒྱུད་མ་མྱོང་ཞིང་མངོན་སུམ་འཚོ་བར་ཅུང་ཙམ་གནས་ཡོད་པའི་བྱ་དངོས་གསར་བའི་སྣང་བརྙན་གསར་སྐྲུན་བྱ་ཐུབ་ལ་ནང་དོན་དང་རྒྱུ་ཆ་འདི་དག་བསམ་གཞིགས་དང་འདྲེས་ན་ད་གཟོད་གསར་སྐྲུན་རང་བཞིན་གྱི་བསམ་གཞིགས་ཆ་ཚང་ཞིག་གྲུབ་ཐུབ།

རིགས་དབྱེ།  

ནུས་རྩལ།

སྦྱང་བ་བརྒྱུད་ནས་ཐོབ་ཅིང་འགུལ་སྐྱོད་སྣ་གཅིག་བདེ་བླག་ངང་བྱེད་པའི་བྱ་སྤྱོད་ཀྱི་རྣམ་པ་ཡིན།

རིགས་དབྱེ།  

སློབ་གཉེར་སྤོ་བ།

སློབ་མས་ཤེས་ཡོན་དང་ནུས་རྩལ་སྦྱང་བའི་བརྒྱུད་རིམ་ཁྲོད་དུ་གཅིག་ཤེས་ཀུན་གྲོལ་ལམ་དཔེ་བཞག་རིགས་བགྲེ་ཡི་སློབ་གཉེར་འབྲས་བུར་དངོས་སུ་ཕྲད་མྱོང་ལ་ཤེས་བྱ་གསར་རྙིང་འདྲེས་པ་དང་གནོད་པའི་སྣང་ཚུལ་བརྒྱུད་མྱོང་ལ་སྣང་ཚུལ་འདི་ལ་སེམས་ཁམས་རིག་པ་ལས་སློབ་གཉེར་སྤོ་བ་ཞེས་འགྲེལ་བ་ཡིན།

རིགས་དབྱེ།  

སློབ་གཉེར་ཀུན་སློང་།

ཐད་ཀར་སློབ་མས་སློབ་གཉེར་བྱེད་པར་སྐུལ་བའི་ནང་གི་བསམ་པའི་ནུས་ཤུགས་སམ་སྒུལ་ཤུགས་ལ་ཟེར། ཀུན་སློང་སྐྱེས་པ་དང་དགོས་མཁོ་ལ་འབྲེལ་བ་ཟབ་མོ་ཡོད། སེམས་ཁམས་རིག་པ་ལས་སྤྱི་ཚོགས་དང་མི་གཞན་པའི་བཏོན་པའི་སློབ་གཉེར་དགོས་མཁོ་དང་དམིགས་ཡུལ། རེ་བ་སོགས་སློབ་མའི་ཀླད་པར་ཚུར་སྣང་བ་ལ་ཚད་ལྡན་གྱི་དགོས་མཁོ་ཟེར། སློབ་མའི་རང་སྟེང་གི་སློབ་གཉེར་རེ་འདུན་དང་དམིགས་ཡུལ་ལ་བསམ་པའི་དགོས་མཁོ་ཟེར། སློབ་མས་ཚད་ལྡན་གྱི་དགོས་མཁོ་ཁོ་ན་བླངས་པ་མ་ཟད་དེ་བསམ་པའི་དགོས་མཁོར་བསྒྱུར་བ་ན་ད་གཟོད་སློབ་མའི་ཀུན་སློང་འདྲེན་ཐུབ་ལ་སློབ་གཉེར་བྱེད་པར་སྐུལ་བའི་ནང་གི་སྒུལ་ཤུགས་སུ་འགྱུར་ངེས།

རིགས་དབྱེ།  

རྨི་ལམ།

གཉིད་པའི་སྐབས་སུ་ལུས་ཕྱི་ནང་གི་རྐྱེན་སྣ་ཚོགས་ཀྱི་ནུས་པའམ་ཕྱི་རྐྱེན་གྱིས་ཀླད་པའི་ནང་དུ་བཞག་པའི་རྐྱེན་སྣ་ཚོགས་ལ་བརྟེན་ནས་བྱུང་བའི་འཕྲུལ་བའི་སྣང་བ་སྣ་ཚོགས་འཆར་བ་སྟེ། གཉིད་ལོག་པའི་སྐབས་ཀྱི་སྣང་བ་སྣ་ཚོགས་ཀྱི་མིང་ཡིན་ལ། ཕུགས་བསམ་གྱི་ནང་དོན་ཡང་འདུས། རྨི་ལམ་རྨིས་པར་རྒྱུ་རྐྱེན་གཙོ་བོ་གསུམ་ཡོད་དེ། དངོས་ཁམསདང་ལུས་ཁམས། སེམས་ཁམས་བཅས་ཀྱི་རྒྱུ་རྐྱེན་བཅས་ཡིན།

རིགས་དབྱེ།  

མཉམ་ལས་ཀྱི་སློབ་སྦྱོང་།

མཉམ་ལས་ཀྱི་སློབ་སྦྱོང་ཞེས་པ་ནི་རིགས་མི་འདྲ་བའི་ཚོགས་པའི་ཁྲོད་སློབ་མ་ཕན་ཚུན་རོགས་རམ་དང་མཉམ་ལས་སྐུལ་འདེད་ཀྱིས་ཐུན་མོང་ཐོག་སློབ་སྦྱོང་གི་དམིགས་ཚད་བསྒྲུབ་ཐུབ་པ་བྱ་རྒྱུ་མ་ཟད་ད་དུང་ཚོགས་ཆུང་སྤྱི་པའི་གྲུབ་འབྲས་ལ་བྱ་དགའ་ཐོབ་རྒྱུ་རྩ་བར་འཛིན་པའི་ཐབས་ཇུས་ཀྱི་མ་ལག་ལ་ཟེར་བ་ཡིན།

རིགས་དབྱེ།  

རང་ཚུགས་ཐུབ་པའི་སློབ་སྦྱོང་།

རང་ཚུགས་ཐུབ་པའི་སློབ་སྦྱོང་ཞེས་པ་ནི་གཞན་སྐུལ་གྱི་སློབ་སྦྱོང་དང་བསམ་མེད་རེངས་པོའི་སློབ་སྦྱོང་ལ་བལྟོས་ནས་བརྗོད་པ་ཡིན་ལ། དེ་ནི་སློབ་ཁྲིད་ཀྱི་ཆ་རྐྱེན་འོག་སློབ་མ་རང་འགུལ་གྱིས་ཁྱད་ཆོས་གྲུབ་པའི་སྤུས་ཚད་མཐོ་བའི་ཕྱོད་ནུས་ཅན་གྱི་སློབ་སྦྱོང་གི་ཐབས་ཤེས་ཤིག་ཡིན།

རིགས་དབྱེ།  

རྩད་ཞིབ་ཀྱི་སློབ་སྦྱོང་།

རྩད་ཞིབ་ཀྱི་སློབ་སྦྱོང་ཞེས་པ་ནི་སློབ་མས་སྐད་ཡིག་གི་རིག་ཚན་ནམ། འཚོ་བའི་གནད་དོན་ཁྲོད་ཞུགས་ནས་རྣམ་པ་མི་འདྲ་བའི་རྩད་ཞིབ་ཅན་གྱི་འགུལ་སྐྱོད་བརྒྱུད་ནས་ཤེས་བྱའི་རྩལ་ནུས་ཐོབ་པ་དང་དོན་དངོས་ཀྱི་ནུས་རྩལ་བཏོན་ནས་མྱོང་རྟོགས་ཐོབ་པ་དམིགས་ཡུལ་དུ་འཛིན་པའི་སློབ་སྦྱོང་གི་ཐབས་ཤེས་ལ་བརྗོད་པ་ཡིན།

རིགས་དབྱེ།  

ཐོབ་སྣང་།

ཁེ་ཕན་ག་གེ་མོ་ཞིག་ཐོབ་རྗེས་རང་ཉིད་ཀྱི་རྒྱུད་ལ་བྱུང་བའི་ཡིད་ཚིམ་པའི་སེམས་ཚོར་རྣོན་པོ་དེ་མིང་།

རིགས་དབྱེ།  

བྱིས་པའི་སེམས་ཁམས།

བྱིས་པའི་སེམས་ཁམས་ནི་སྤྱི་ཚོགས་ངེས་ཅན་དང་སློབ་གསོའི་ཆ་རྐྱེན་འོག་བྱིས་པ་འཕེལ་རྒྱས་འགྲོ་བའི་ལོ་ཚད་མི་འདྲ་བའི་ནང་གྲུབ་པའི་དཔེར་མཚོན་དང་ངོ་བོའི་སེམས་ཁམས་ཀྱི་ཁྱད་ཆོས་ལ་ཟེར།

རིགས་དབྱེ།  

སེམས་ཁམས་ཚན་རིག

སེམས་ཁམས་ཚན་རིག་ནི་ཚན་རིག་གི་ནགས་ཀློང་སྟུག་པོའི་ཁྲོད་ཀྱི་རང་རྐྱ་འཕེལ་བའི་སྡོང་ཆེན་ཞིག་ཡིན་ལ། དེ་ལ་རྩ་བ་གཙོ་བོ་གཉིས་ཡོད་པ་ལས། གཅིག་ནི་ཚུར་སྣང་སྨྲ་བ་སྟེ་མཚན་ཉིད་རིག་པའི་སྟེང་ལ་ཟུག་ཡོད་ཅིང་། ཅིག་ཤོས་ནི་ལྡོག་འཕྲོ་སྨྲ་བ་སྟེ་དབང་རྩ་རིག་པའི་ངོས་ལ་སྦྲེལ་ཡོད་པ་དང་། དེ་དག་རེ་རེ་ལའང་ཡན་ལག་འགའ་རེ་ཡོད། སྡོང་ཆེན་འདིའི་གཞུང་རྟ་ནི་སྤྱིར་བཏང་སེམས་ཁམས་རིག་པ་ཡིན་ལ། དེ་ནི་རྨང་གཞིའི་གཞུང་ལུགས་ཡིན། གཞུང་རྟ་དེར་བྱེ་བྲག་སེམས་ཁམས་རིག་པ་དང་། སྤྱི་ཚོགས་སེམས་ཁམས་རིག་པའི་ཡུལ་ག་ཆེན་པོ་གཉིས་ཡོད་ལ། དེ་དག་གི་གསེབ་ན་ཡལ་ཕྲན་མང་པོ་ལྡན་པ་ཡིས་སེམས་ཁམས་ཚན་རིག་གི་རྩ་བ་རྒྱས་ཤིང་ཡལ་ག་མང་བ་མཚོན་ནོ༎

རིགས་དབྱེ།  

ཀུན་སློང་གི་རྣམ་གྲངས།

ཀུན་སློང་ནི་སྐུལ་སྤེལ་དང་སྲུང་འཛིན་རྒྱུན་འཁྱོངས་ཀྱིས་མི་སྒེར་གྱི་བྱ་འགུལ་ཞིག་ལ་ཟེར་ཞིང་། དེ་ལས་བྱ་འགུལ་དེ་དམིགས་ཡུལ་ག་གེ་མོ་ཞིག་གི་ཕྱོགས་སུ་བསྐྱོད་པའི་སེམས་པའི་ཞེན་ཕྱོགས་སམ་ནུས་རྩོལ་ཡིན། དེ་ལ་ཀུན་སློང་གི་འབྱུང་ཁུངས་སྒོ་ནས་རིགས་དབྱེ་ཚུལ་དང་ཀུན་སློང་གི་དམིགས་བྱའི་ཡུལ་ལྟར་རིགས་དབྱེ་སྟངས། སློབ་སྦྱོང་གི་ཀུན་སློང་དང་སློབ་སྦྱོང་བྱེད་སྒོའི་འབྲེལ་བ་ལྟར་དབྱེ་སྟངས་བཅས་གསུམ་ཡོད།

རིགས་དབྱེ།  

སེམས་ཁམས་རིག་པ།  བརྡ་འགྲེལ 158 ཡོད།