ཡོངས་འཛིན་རིག་མཛོད། >མི་སྣ། >ལོ་རྒྱུས་མི་སྣ། >བློན་པོ།

མགར་སྟོང་བཙན་ཡུལ་སྲུང་།

མགར་སྟོང་བཙན་ཡུལ་སྲུང་ནི་སྟོད་ལུང་རམ་པར་འཁྲུངས། བལ་ཡུལ་དུ་སོང་ནས་བལ་བཟའ་ཁྲི་བཙུན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་གདན་དྲངས། རྒྱལ་པོ་ལ་རོགས་རམ་བྱས་ནས་ཁྲིམས་བཟོ་བ་དང༌། སྟོང་སྡེ། རུ་བཞི། རྒོད་གཡུང་གི་སྡེ་དབྱེ་བ་འབྱེད་པ། ཁྲལ་སྡུད་པ་སོགས་ཀྱི་ལས་བྱས། ཐང་གི་རྒྱལ་ས་ཁྲང་ཨན་དུ་སོང་ནས་ཐང་གི་རྒྱལ་པོ་གོང་མ་ཐང་ཐེ་ཙུང་གི་སྲས་མོ་འུན་ཤིང་ཀོང་ཇོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས། ཚེ་སྨད་ལ་འ་ཞའི་ཡུལ་དུ་སྔ་རྗེས་བསྡོམས་ལོ་དྲུག་དང་། གྲུ་གུའི་ཡུལ་དུ་ལོ་གཅིག་བཅས་མཐའ་སྲུང་བློན་ཆེན་གྱི་ལས་འགན་ཁུར། རྒྱལ་པོ་སྲོང་བཙན་སྒམ་པོ། རྒྱལ་པོ་གུང་རི་གུང་བཙན་དང་། རྒྱལ་པོ་མང་སྲོང་མང་བཙན་བཅས་ཀྱི་བློན་ཆེན་གནང་། མེ་ཡོས་སྤྱི་ལོ667ལོར་འ་ཞའི་ཡུལ་ནས་བོད་ལ་ཕྱིར་ལོག་བྱས་པའི་ལམ་བར་ཟིང་མདའ་ཟེར་བའི་ས་ཆར་གཉན་འབྲས་ཀྱི་ན་ཚ་བྱུང་ནས་འདས། ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་མེད་ཐབས་མེད་པའི་བློན་ཆེན་བཞི་ཡོད་པའི་ནང་གི་གཅིག་ཡིན་ལ། སྲས་བཙན་སྙ་ལྡོམ་བུ་སོགས་བདུན་དང་། ལྔ། བཞི་བཅས་བཤད་ལུགས་མི་འདྲ་བ་འགའ་ཤས་སྣང་།

རིགས་དབྱེ།  

ཙེང་ཀུའོ་ཧྥན།

ཙེང་ཀུའོ་ཧྥན་ནི་ཀྲུང་གོའི་ཆིང་རྒྱལ་རབས་དུས་མཇུག་སྐབས་ཀྱི་ཆབ་སྲིད་པ་དང་། འཐབ་ཇུས་པ། རྩོམ་རིག་པ། ཡིག་གཟུགས་མཁས་ཅན། ཞང་དམག་གི་སྲོལ་གཏོད་པ་དང་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན།

རིགས་དབྱེ།  

གུང་བློན་ལུམ་པ་བ།

ལུམ་པ་བ་བཀྲ་ཤིས་རྒྱལ་པོ་སྟེ་ལྷོ་ཁ་རྒྱུད་ཀྱི་མངའ་བདག་ཆེ་བ་ཞིག རབ་བྱུང་བཅུ་གཉིས་པའི་ལྕགས་གླང(སྤྱི་ལོ1721)ལོར་སོག་པོ་ཇུན་གར་གྱི་དམག་དཔུང་བོད་ནས་མཐར་སྐྲོད་བཏང་རྗེས། དེའི་གཟེངས་བསྟོད་དུ་མན་ཆིང་གོང་མའི་སྲིད་གཞུང་གིས་བཀའ་བློན་དང་གུང་གི་ཆོ་ལོ་གནང་།

རིགས་དབྱེ།  

འདའར་སྟོང་དང་རྗེ།

བློན་ཆེན་འདི་ནི་བློན་ཆེན་འདི་ནི་བཙན་པོའི་རྒྱལ་རབས་ལས་ཆུའི་ལྡེ་བརྒྱད་ཀྱི་ནང་གསེས་བཙན་པོ་ལྡེ་པྲུ་བོ་གནམ་གཞུང་བཙན་ཏེ། ཡོངས་གྲགས་ཀྱི་ལྡེ་འཕྲུལ་ནམ་གཞུང་བཙན་གྱི་དུས་སུ་བློན་ཆེན་པོའི་གོ་གནས་བཞེས་མྱོང་བའི་བློན་པོ་ཞིག་ཡིན།

རིགས་དབྱེ།  

མཐོན་མྱི་འབྲིང་པོ་རྒྱལ་བཙན་ནུ།

བློན་ཆེན་འདི་ནི་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་ཞིག་ཡིན་ཏེ། «ཆོས་འབྱུང་མཁས་དགའ»སོགས་སུ་བཙན་ལྔའི་ཐོག་མ་རྗེ་ཏོ་རེ་ལོང་བཙན་གྱི་དུས་སུ་བྱུང་བར་བརྗོད་ཡོད།

རིགས་དབྱེ།  

དབའས་ཁྲི་གཟིགས་ཞང་ཉེན།

བློན་ཆེན་འདི་ནི་འགའ་ཞིག་གིས་འདུས་སྲོང་མང་པོ་རྗེ་ཡི་སྐབས་སུ་བྱུང་བར་བཞེད་མོད།ཡོངས་གྲགས་སུ་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་སྟེ། སྤྱི་ལོ705ནས721ཡི་བར་དུ་ཆབ་སྲིད་ཀྱི་འགན་བཞེས་ཤིང་། ཁོང་གི་གདུང་རུས་ནི་དབའས་ཡིན་ལ། གནས་ཡུལ་ནི་ལྷ་སའི་སྐྱིད་ལུང་ཡིན་ནོ། །

རིགས་དབྱེ།  

འབྲོ་ཆུང་བཟང་འོར་མང་།

ཡོངས་གྲགས་སུ་བློན་ཆེན་འདི་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཞིང་། ཁོང་གི་གདུང་རུས་ནི་འབྲོ་ཡིན་ལ། 《བཀའ་ཐང་སྡེ་ལྔ》 ལས“ འབྲོ་ལ་བློན་པོ་ལྔ་བྱུང་སྟེ”ཞེས་བཙན་པོའི་རྒྱལ་རབས་དུས་སུ་འབྲོ་ཡི་རིགས་ཀྱི་བློན་ཆེན་ལྔ་བྱུང་ཡོད་པར་གསུངས་སོ། །

རིགས་དབྱེ།  

ཁྱུང་པོ་སྤུང་སད་ཟུ་ཙེ།

བློན་ཆེན་འདི་ནི་བཙན་པོ་གནམ་རི་སྲོང་བཙན་དང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡབ་སྲས་གཉིས་ཀྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཞིང་། ཐོག་མར་རྩང་རྒྱལ་མར་མུན་ལ་ངོ་རྒོལ་བྱས་ཏེ། ཁོང་གི་མགོ་བཅད་ནས་རྩང་བོད་ཉིས་ཁྲི་བཙན་པོ་གནམ་རི་སྲོང་བཙན་གྱི་ཕྱག་ཏུ་ཕུལ་ཏེ་སྐྱབས་བཅོལ་ཞིང་། བཙན་པོ་གནམ་རི་སྲོང་བཙན་དུག་གིས་བཀྲོངས་རྗེས་བློན་ཆེན་ངོ་ལོག་མཁན་མོང་སྔོན་པོ་ལ་སོགས་པ་ཚར་བཅད་པ་དང་།ནང་འཁྲུག་བདེ་ལ་བཀོད་དེ་མུ་མཐུད་དུ་སྐུ་སྲས་སྲོང་བཙན་སྒམ་པོར་ཞབས་ཏོག་སྒྲུབ་ནས། ཞང་ཞུང་དང་སུམ་པ་སོགས་དབང་དུ་བསྡུས་ཤིང་། མཐར་གཞན་གྱིས་ཁོ་རང་ཆོས་རྒྱལ་སྲོང་བཙན་སྒམ་པོར་གློ་བ་རིང་བ་བརྟོལ་ཏེ། གོ་གནས་བུ་ངག་རེ་ཆུང་ལ་སྤྲད་ནས་རང་ཉིད་ལྕེབས་སོ། །

རིགས་དབྱེ།  

དབའས་ཁྲྀ་སུམ་རྗེ་རྩང་བཞེར།

བློན་ཆེན་འདི་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཞིང་། ཁོང་གིས་བློན་ཆེན་པོ་འཁུར་དུས་སུ་བོད་ཡུལ་དུ་འདུན་མ་ཆེ་ཆུང་མང་བོ་བསྡུས་ཏེ། རྒྱལ་ཁྲིམས་དག་བསྒྲིགས་དང་རྒྱལ་དམངས་འབྱོར་དོ་དམ་ཞིབ་གཤེར་སོགས་ཀྱི་ལས་རྒྱ་ཆེན་པོ་བྱས་ཡོད།

རིགས་དབྱེ།  

དབའས་སྣང་བཞེར་ཟུ་བརྩན།

བློན་ཆེན་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་ཞིག་ཡིན་ཏེ། ཁོང་གི་གདུང་རུས་ནི་དབའས་ཡིན་ལ་སྐྱེས་ཡུལ་ནི་ལྷ་སའི་སྐྱིད་ལུང་ཡིན་ནོ། །

རིགས་དབྱེ།  

མགོས་ཁྲི་བཟང་ཡབ་ལག

བློན་ཆེན་འདི་ནི་བཙན་པོའི་དུས་ཀྱི་མཛངས་མི་བདུན་གྱི་ཡ་གྱལ་ཡིན་པར་མ་ཟད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཏེ། ཁོང་གི་གདུང་རུས་ནི་མགོས(འགོས)ཡིན་ལ། 《བཀའ་ཐང་སྡེ་ལྔ》ལས“འགོས་ལ་བློན་པོ་གསུམ་བྱུང་སྟེ”ཞེས་འཁོད་ཡོད་དོ། །

རིགས་དབྱེ།  

འབལ་སྐྱེ་བཟང་ལྡོང་ཙབ།

བློན་ཆེན་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཞིང་། ཁོང་གི་གདུང་རུས་ནི་འབལ་ཡིན་ནོ། །

རིགས་དབྱེ།  

མཆིམས་ཞང་རྒྱལ་གཟིགས་ཤུ་ཏེང་།

བློན་ཆེན་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་པོ་ཞིག་ཡིན་ལ། ཁོང་གིས་དངོས་སུ་དམག་དྲངས་ཏེ་འབུ་ཤིང་ཀུན་དང་ཟུང་ཅུ། ག་ཅུ། ཁྲང་ཨན་སོགས་ཆམ་ལ་ཕབ་པ་དང་། གདུང་རུས་ནི་མཆིམས་ཡིན་ཏེ། 《བཀའ་ཐང་སྡེ་ལྔ》ལས“མཆིམས་ལ་བློན་པོ་བཞི་བྱུང་སྟེ། མར་བཞེར་ངན་པ་པོ་དང་། བཙན་བཞེར་ལེགས་གཟིགས་དང་། རྒྱལ་གཟིགས་ཤུད་ཐོང་དང་། རྡོ་རྗེ་སྤྲེའུ་ཆུང་བཅས་དང་བཞི”ཞེས་འཁོད་ཡོད་དོ། །

རིགས་དབྱེ།  

སྣ་ནམ་ཞང་ཀླུ་རྒྱལ་མཚན་ལྷ་སྣང་།

བློན་ཆེན་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་མུ་ནེ་བཙན་པོ་ཡབ་སྲས་གཉིས་ཀྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ལ། ཁོང་གིས་བློན་ཆེན་པོའི་གོ་གནས་བཞེས་མྱོང་ངོ་། །

རིགས་དབྱེ།  

འབྲོ་ཁྲི་གཟུ་རམ་ཤགས།

བློན་ཆེན་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་། མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན་ཡབ་སྲས་གསུམ་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཏེ། ཁོང་གིས་ལི་ཡུལ་དང་འཇང་ཡུལ་སོགས་དབང་དུ་བསྡུས་པར་མ་ཟད།བློན་ཆེན་པོའི་གོ་གནས་བཞེས་མྱོང་ངོ་། །

རིགས་དབྱེ།  

དབའ་མང་རྗེ་ལྷ་ལོད།

བློན་ཆེན་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་། མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན་ཡབ་སྲས་གསུམ་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཏེ། ཁོང་གིས་བློན་ཆེན་པོ་འཁུར་བའི་དུས་སུ་རྒྱ་ནག་དང་གཡུལ་འཐབ་མང་བོ་བྱས་ནས་གནང་གང་མང་བཅད་མྱོང་ངོ་། །

རིགས་དབྱེ།  

དབའས་རྒྱལ་ཏོ་རེ་སྟག་སྙ།

བློན་ཆེན་འདི་ནི་བཙན་པོ་ཁྲི་གཙུག་ལྡེ་བཙན་དང་ཁྲི་དར་མ་འུ་དུམ་བཙན་པོ་སྐུ་མཆེད་གཉིས་ཀྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ལ། ཁོང་ནི་མངའ་བདག་ཁྲི་རལ་བ་ཅན་བཀྲོངས་མཁན་གྱི་སྡུག་བློན་གསུམ་གྱི་ཡ་གྱལ་དང་། ཁྲི་དར་མ་འུ་དམ་བཙན་གྱིས་ཆོས་བསྣུབས་དུས་ཀྱི་ཞབས་འབྲིང་བ་གཙོ་གྲས་ཤིག་ཡིན།

རིགས་དབྱེ།  

རྔེགས་དུད་ཀྱི་རྗེ།

བློན་ཆེན་འདི་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ལ། ཁོང་གི་གདུང་རུས་ནི་རྔེགས་ཡིན་ནོ། །

རིགས་དབྱེ།  

ཁུ་ལྷ་བོ་མགོ་གར།

བློན་ཆེན་འདི་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཏེ། ཁོང་གི་གདུང་རུས་ནི་ཁུ་ཡིན་ནོ། །

རིགས་དབྱེ།  

ལྷོ་ཐང་འབྲིང་ཡ་སྟེངས།

བློན་ཆེན་འདི་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཏེ།ཁོང་གི་གདུང་རུས་ནི་བོད་བཙན་པོའི་ཡབ་འབངས་རུས་དྲུག་གི་ཡ་གྱལ་ལྷོ་ཡིན་ནོ། །

རིགས་དབྱེ།  

རྔེགས་ཐང་ཡོང་ཐང་རྗེ།

བློན་ཆེན་འདི་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ལ། གདུང་རུས་ནི་རྔེགས་ཡིན་ནོ། །

རིགས་དབྱེ།  

སྣ་ནམ་འབྲིང་ཏོག་རྗེ།

བློན་ཆེན་འདི་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཏེ། ཁོང་གི་གདུང་རུས་ནི་སྣ་ནམ་ཡིན་ནོ། །

རིགས་དབྱེ།  

གནུབས་ཁྲི་དོ་རེ་མཐོང་པོ།

བློན་ཆེན་འདི་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཏེ། གདུང་རུས་ནི་གནུབས་ཡིན་ནོ། །

རིགས་དབྱེ།  

གནུབས་ཁྲི་དོག་རྗེ་གཙུག་བློན།

​བློན་ཆེན་འདི་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཏེ། གདུང་རུས་ནི་གནུབས་ཡིན་ནོ། །

རིགས་དབྱེ།  

གནུབས་མཉེན་ཏོ་རེ་ངན་སྣང་།

བློན་ཆེན་འདི་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཏེ། གདུང་རུས་ནི་གནུབས་ཡིན་ནོ། །

རིགས་དབྱེ།  

ཤུད་པུ་རྒྱལ་ཏོ་རེ་ང་མྱི།

བློན་ཆེན་འདི་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཏེ། ཁོང་གི་གདུང་རུས་ནི་ཤུད་པུ་ཡིན་ནོ། །

རིགས་དབྱེ།  

མོང་ཁྲི་དོ་རེ་སྣང་ཚབ།

བློན་ཆེན་འདི་ནི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། ཁོང་གི་གདུང་རུས་ནི་མོང་ཡིན་ནོ། །

རིགས་དབྱེ།  

བློན་པོ་ཇིན་ཇིན།

རྒྱལ་པོ་མང་སྲོང་མང་བཙན་གྱི་བློན་པོ། འདི་ཉིད་གཞོན་ནུའི་དུས་ནས་རྒྱའི་སློབ་གྲྭར་སྐད་ཡིག་དང་ཡོན་ཏན་སྦྱངས་མྱོང་བའི་མཁས་པ་ཞིག་ཡིན།

རིགས་དབྱེ།  

བློན་པོ་ཐོན་མི་འབྲིང་པོ་རྒྱལ།

《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་བློན་པོ་འདི་རྒྱལ་ཏོ་རེ་ལོང་བཙན་གྱི་བློན་པོ་ཡིན་པར་གསུངས་ཤིང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆར་བཙན་པོ་རྣམས་ཀྱི་བློན་རབས་བརྗོད་པའི་སྐབས། བློན་པོ་རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་ཡབ་འབྲོ་གཉན་ལྡེའུའི་བློན་པོ་ཡིན་པར་བཤད།

རིགས་དབྱེ།  

བློན་པོ་འུམས།

འདི《དེབ་ཐེར་དམར་པོའི》དཔེ་དེབ་ཁག་དྲུག་ཙམ་ལ་ཞིབ་བསྡུར་བྱས་ཀྱང་ཚང་མར་གཅིག་མཚུངས་ལས་མི་འདྲ་བ་མི་འདུག རྒྱ་ཡིག་གི་ཀྲུང་གོའི་ལོ་རྒྱུས་དང་མི་བཟང་མགོན་པོ་སྐྱབས་ཀྱིས་བརྩམས་པའི《རྒྱ་ནག་ཆོས་འབྱུང》བཅས་ཚང་མའི་ནང་ཚའོ་ཚའོ་རྒྱལ་རབས་གཏོར་མཁན་གྱི་བློན་པོའི་མིང་ལ་འུམས་ཟེར་བ་གཏན་ནས་མ་འཁོད་པས་གང་ཡིན་བརྟག་དགོས།

རིགས་དབྱེ།